གངས་ལྗོངས་ཚིག་མཛོད་ཆེན་མོ།༼ ཨ ༽(6)

ཐུབ་བསྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་བྱས།        2012-05-31


ཨུཏྤལ་དམར་པོ།      མུ་སྐྱེས་དམར་པོ།   མིང་གི་རྣམ་གྲངས་ལ་དཔལ་ཁྱིམ་དང་།   དཔལ་གྱི་ལག་པ།   བུང་བ་དགའ་བཅས་སོ། 
ཨུཏྤལ་སེར་པོ།     ①  ཨུཏྤལ་མེ་ཏོག་སེར་པོ་འཆར་བ་ཞིག   ②ཆུ་སྐྱེས་མེ་ཏོག་ཅིག
ཨུད་དཔལ།    མེ་ཏོག་སྔོན་པོ་ཞིག   རི་བོ་མཐོན་པོ་རྫ་སྤང་འདྲེས་པའི་ས་ཆ།  རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༠༠༠ཡན་ཆད་ཀྱི་ས་ཁད་མཐོན་པོ་ཁོ་ནར་སྐྱེ་བའི་རྩྭ་སྡུམ་རིགས་ཤིག་ཡིན།   ནང་གསེས་དཀར་པོ་དང་།   སྔོན་པོ།   དམར་པོ།   སེར་པོ་བཞི་མཆིས་པས་དེ་དག་སོ་སོའི་སྐྱེ་ཁུངས་དང་རྫས་རིགས་ཅུང་ཟད་མི་འདྲ་བ་ཡོད།    དཀར་པོས་བད་རླུང་།   སྔོན་པོས་ཚད་པ་དང་མཁྲིས་པ།   དམར་པོས་ཁྲག་ནད་འཇོམས།  སེར་པོས་བད་ཀན་སྐྱུགས་པར་བྱེད་པ་བཅས་སོ།   བོད་ཀྱི་ཡིག་ཆ་ཕལ་ཆེར་གྱི་ནང་དུ་མེ་ཏོག་འདིའི་རྒྱ་གར་གྱི་མེ་ཏོག་ཨུཏྤལ་དང་གཅིག་པ་འབྲི་སྲོལ་འདུག་པ་ནོར་བར་ངེས།  བོན་གྱི་གསོ་རིག་འབུམ་བཞི་ལས།  འདི་ལྟར་བྲིས་འདུག་པ་འདི་ནི་གནའ་བོའི་བོད་མིང་དངོས་ཡིན་པར་སེམས།   
ཨུན་ཆུང་།     དབེན་ཆུང་སྟེ།    གྲྭ་པ་ཆུང་ཆུང་། 
ཨུར་ཆ།     འུར་ཆ་ཡི་འབྲི་སྲོལ།   
ཨུར་ལ་མནན།      མཚོན་གྱིས་བཅད་པའི་རྩ་སྒོ་གང་འོག་ཏུ་མེས་བཙས་མནན་དགོས་པའི་དོན་ཏེ།    དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱི་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་ལེགས་བཤད་གསེར་རྒྱན་ལས།    ཨུར་ལ་མནན་པ་ནི།    རྩའི་ཡ་ཐོག་མ་ཐོག་མེས་མནན་པ་པའོ།    ཞེས་གསུངས་པ་ལྟར་རོ།  
ཨུར་ཤིང་།      ཕོར་པ་དཀྲུགས་ཟིན་ལ་འོད་འདོན་བྱེད་ཤིང་བུ་རྩེ་མོའི་མདུན་ངོས་འཇམ་པོ་ཞིག
ཨུལ་ཐག   འུར་རྡོའམ་གོར་ཐག
ཨེ
 
ཨེ།     ①  བྱ་ཚིག་གི་སྔོན་དུ་སྦྱར་ཞིང་དྲི་བ་སྟོན་པའི་ཚིག་གྲོགས་ཤིགཨེ་ཚར།   ཨེ་དྲན།   ཨེ་ཡིན།   ཨེ་འདྲ་མི་འདྲ་བསྡུར་བ།   ཉམ་ཆུང་སྦྲང་བུའི་ལས་བསྐོས་འདི་འདྲ།   ཀྱེ་ཧུད་མཐོན་པོའི་གནམ་གྱིས་ཨེ་དགོངས།   ཨེ་སྦྱར་མི་སྦྱར་བྱེད་རྒྱུ་མེད།   རྡོ་ལ་སྦྱིན་སྦྱར་བྱེད་རྒྱུ་མེད།   ②ས་མིང་ཞིགབོད་རང་སྐྱོང་ལྗོངས་ཀྱི་ཆུ་གསུམ་རྫོང་ཁོངས་ཀྱི་ཡུལ་དེ་ཨེ་ཡིག་གི་གཟུགས་འདྲ་བ་ཞིག་ཡོད་པས་མིང་དེ་ལྟར་ཐོགས།   ཨེ་ལྷ་རྒྱ་རི།   ཨེ་ཆུ་མདོ་སྒང་གི་མི་ལུས་ལས།   ལུང་པ་རྩྭ་ཆུ་འཛོམས་སའི་རི་དྭགས་སྐྱིད།  
ཨེ་ཀ་ཤ་ཅན།      ཨེ་འགྲེང་པོ་གཉིས་བརྩེགས་ཅན།  
ཨེ་ཀི་ལིན་དགོན་པ།      ཕྱག་བཏབ་མཁན་དང་བཞེངས་ལོ་མི་གསལ།   ད་ལྟ་མཚོ་སྔོན་གསེར་ཁོག་རྫོ་ས་སུ་ཡོད།  
ཨེ་ཀོར།      བུད་མེད་ཀྱི་རྣ་རྒྱན།  
ཨེ་ཀྲོ་ཏ།      ལེགས་སྦྱར་སྐད་ཀྱི་དྲི་ཆུའི་མིང་གི་རྣམ་གྲངས་ཤིག་སྟེ།    བོད་སྐད་དུ་བསྒྱུར་ན།    མི་འགྲོ་བ་ཞེས་འགྱུར་བར་སྐྱེམས་པ་ཚེ་དབང་གིས་མཛད་པའི་ཕྱི་མ་རྒྱུད་ཀྱི་འགྲེལ་པ་ལག་ལེན་གསལ་བྱེད་ལས་གསུངས། 
ཨེ་ཁང་།      ཏཱ་ལའི་དང་བོད་སྡེ་པ་གཞུང་གི་གཞུང་ཡིག་དང་དཔེ་ཆ་སོགས་གཙང་བྲིས་བྱེད་མཁན་ལས་ཁུངས།   
ཨེ་ཁུང་།      ཨི་ཁུང་དང་འདྲ། 
ཨེ་སྒྲེ་དགོན་པ།      མིང་གཞན་ཨེ་དགོན་དགའ་ལྡན་བྱང་ཆུབ་གླིང་ཟེར།   དགོན་པ་འདི་ཐོག་མར་རྗེ་སྒམ་པོ་པའི་སྐུ་མཆེད་སྒྲེ་རིན་པོ་ཆེ་ཞུ་བ་བཀའ་བརྒྱུད་པའི་བླ་མ་ཞིག་གིས་བཏབས།   རྗེས་སུ་རྒྱལ་བ་བདུན་པའི་ཡོངས་འཛིན་སྐལ་བཟང་རབ་རྒྱས་ཀྱིས་དགོན་པ་བསྐྱར་གསོ་གནང་སྟེ་དགེ་ལུགས་པར་གྱུར།   ད་ལྟ་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་ཁོངས་སུ་ཡོད།   
ཨེ་ལྗི་ཕུ་ཐིའི་གནའ་བོའི་འབུར་བརྙན།      ཞེས་པ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་ཉི་ཤུ་རྩ་བདུན་ནས་ཉི་ཤུ་རྩ་གཉིས་བར་ལ་བྱུང་བའི་ཨེ་ལྗི་ཕུ་ཐི་གནའ་བོའི་རྒྱལ་ལྡན་རྒྱལ་ཁབ་ཀྱི་དུས་སུ་འབུར་བརྙན་སྒྱུ་རྩལ་ལ་མངོན་གསལ་དོད་པོའི་གོང་འཕེལ་བྱུང་ཡོད།    དེའི་ནང་ནས་ཆེས་སྙན་གྲགས་ཆེ་བའི་འབུར་བརྙན་ནི་ཧྥ་ལའོ་ཇི་ཧྥུ་ལིང་གི་འབུར་གྱི་སྣང་བརྙན་དེ་ཚོའི་ཉམས་འགྱུར་ནི་གནའ་ཉམས་ལྡན་ལ་བབ་ཆགས་པའི་ཁྱད་ཆོས་མངོན་པར་གསལ་ཡོད། 
ཨེ་ལྗི་ཕུ་ཐིའི་དངོས་མང་བཤམས་སྟོན་ཁང་།      ཞེས་པ་ནི་ཨེ་ལྗི་ཕུ་ཐིའི་རྒྱལ་ས་ཁའི་ལོར་གནས་ཡོད།    མིང་གཞན་ལ་ཁའེ་ལོའི་དངོས་མང་བཤམས་སྟོན་ཁང་ཡང་ཟེར།    དེ་ནི་སྤྱི་ལོ་༡༨༦༣ལོར་གསར་དུ་བསྐྲུན་པ་ཡིན།    དངོས་མང་བཤམས་སྟོན་ཁང་དེའི་ནང་ཆེས་གནའ་བོའི་གོང་མའི་རྒྱལ་རབས་དུས་ཀྱི་རྩ་ཆེའི་སྒྱུ་རྩལ་དངོས་པོ་གྲངས་ལས་འདས་པ་བསྡུ་ཉར་བྱས་ཡོད། 
ཨེ་ལྗི་ཕུ་ཐི་ལ་བྲོས་ཕྱིན་པ།      ཞེས་པ་ནི་དབྱི་ཊ་ལིའི་རིག་རྩལ་བསྐྱར་དར་གྱི་ཐོག་མའི་དུས་སྐབས་སུ་བྱུང་བའི་གྲགས་ཅན་གྱི་རི་མོ་མཁས་ཅན་ཆའོ་ཐོ་ཡིས་བྲིས་པའི་བརྩམ་བྱ་ཞིག་ཡིན།    བརྩམ་བྱ་དེ་སྤྱི་ལོ་༡༣༠༥ལོར་བྲིས་ཤིང་།    དེའི་བརྗོད་བྱ་ནི་ཡེ་ཤུའི་ལྷ་སྒྲུང་ནང་གི་རྒྱལ་ཡུམ་མཱ་ལི་ཡ་ལ་ཅི་ཏུའུ་འཁྲུངས་པའི་རྗེས་སུ་རོ་མའི་སྤྱི་ཁྱབ་ཀྱིས་གནོད་འཚེ་བཏང་བར་བརྟེན་རྒྱལ་ཡུམ་མཱ་ལི་ཡ་པ་ལི་སི་ཐན་ནས་ཨེ་ལྗི་ཕུ་ཐི་ཏུ་བྲོས་བྱོལ་ཕེབས་པའི་གནས་ཚུལ་དེ་བཀོད་ཡོད། 
ཨེ་ལྗི་ཕུ་ཐིའི་གནའ་བོའི་ལྡེབས་རིས།      ཞེས་པ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གཅིག་པའི་གོང་དུ་བྲིས་པའི་བང་སོ་དང་ལྷ་ཁང་གི་གྱང་ལྡེབས་ངོས་སུ་བྲིས་པའི་རི་མོར་ཟེར།    རི་མོ་དེ་ཚོ་ནི་ཆེས་གནའ་བོའི་ཨེ་ལྗི་ཕུ་ཐི་རྒྱལ་ལྡན་རྒྱལ་ཁབ་དུས་ཀྱི་རི་མོ་ཁོབ་ཏོའི་རྣམ་པ་ལས་བྲལ་ཏེ་སྦྱང་ཤ་དོད་ཅིང་གསོན་ཉམས་དོད་པའི་དངོས་ཡོད་རིང་ལུགས་ཀྱི་ཁ་ཕྱོགས་སུ་གོང་འཕེལ་ཕྱིན་པ་དེ་མཚོན་ཡོད། 
ཨེ་དྲུང་།      ཨེ་པ་དྲུང་ཡིག་སྟེ།   སྔར་བོད་སྡེ་པ་གཞུང་སྐབས་ལྷོ་ཁ་ཨེ་ནས་ཡོང་བའི་འབྲུ་ཚའི་ཡིག་གཟུགས་འབྲི་མཁན་གྱི་དྲུང་ཡིག
ཨེ་དྭགས་གཉལ་གསུམ།      ལྷོ་ཁ་ཨེ་ཁུལ་དང་།    དྭགས་པོ།   གཉལ་སྡེ་བཅས་ཡིན། 
ཨེ་ན་ཡ།  〔ལེགས〕   རི་དྭགས་ཤྭ་བ།   སངས་རྒྱས་ཀྱི་གསུང་ལ་གུས་པར་བྱས་ཏེ་བྱིན་པས་བྱིན་པ་རི་དྭགས་ཨེ་ན་ཡའི་ལྟ་བུ།  
ཨེ་ནི།〔ཡུལ〕  དེ་ནས།   ཨེ་ནི་གཏམ་ཞིག་ཤོད་དང་།   ཨེ་ནི་དེ་མིན་པའི་སྐད་ཆ་ག་རེ་འདུག 
ཨེ་ནྱ་ཡ།      ཨེ་ན་ཡའི་འབྲི་ཚུལ་གཞན་ཞིག
ཨེ་ནྱ་ཡ་ན།      ཨེ་ན་ཡའི་འབྲི་ཚུལ་གཞན་ཞིག
ཨེ་པ་དབུ་ཆེན་རྡོ་རྗེ་ཚེ་རིང་།      ཞེས་པ་ནི་དུས་རབས་བཅུ་དགུ་པའི་དུས་སྨད་ཙམ་ལ་ལྷོ་ཁ་ཨེ་ཁུལ་དུ་སྐུ་འཁྲུངས།   ཁོང་གིས་རང་གི་ཡབ་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་དང་རི་མོའི་སྒྱུ་རྩལ་ལ་གསན་བསམ་མཐར་ཕྱིན་པར་མཛད་དེ།    བཟོ་ལྗོངས་ལྷ་བྲིས་པའི་སྐྱིད་སྡུག་གི་ནང་དུ་ཕྱག་རྩོམ་འགྲན་ཟླ་བྲལ་སྟབས་དབུ་ཆེན་གྱི་མཚན་གནས་བཞེས།    ཁོང་གི་ཕྱག་བཟོའི་རི་མོ་ནི་ཕོ་བྲང་པོ་ཏ་ལའི་གཟིམ་སྒོ་ཕུན་ཚོགས་འདུ་ལམ་གྱི་སྒོ་འཕྱོར་གྱི་རྒྱལ་ཆེན་བཞིའི་ལྡེབས་རིས་རྣམས་ཡིན་པར་གྲགས། 
ཨེ་པ་དབུ་ཆེན་ཚེ་རིང་རྒྱ་བོ།      ཞེས་པ་ནི་སྤྱི་ལོ་༡༨༧༢ལོར་ལྷོ་ཁ་ས་ཁུལ་ཨེ་གོང་སྨད་ཁ་དོག་ལྷོ་མ་ཞེས་པའི་ཁྱིམ་དུ་སྐུ་འཁྲུངས།    དགུང་ལོ་བཅུ་གཅིག་ཐོག་རང་གི་ཞང་པོའི་དྲུང་ནས་ཡི་གེ་འབྲི་ཀློག་དང་ཆ་ཚད་ངག་སྐྱོར་སོགས་སློབ་སྦྱོང་མཛད།    དགུང་ལོ་བཅུ་གསུམ་ཐོག་ཡབ་ཀྱི་དྲུང་ནས་རི་མོ་གསན་ཏེ་བྲིས་ལ་མངའ་བརྙེས།   སྤྱི་ལོ་༡༩༠༤ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སོག་ཡུལ་བརྒྱུད་པེ་ཅིང་དུ་ཕེབས་སྐབས་གམ་བཅར་རི་མོའི་ཞབས་ཞུ་བར་འཁྲིད་གནང་མཛད།    ཁོང་གི་བརྩམ་བྱའི་རི་མོ་ནི་ནོར་གླིང་སྤྱན་གསལ་ཕོ་བྲང་ནང་གི་ལྡེབས་རིས་དང་།    རྒྱལ་དབང་མཆོག་འཇིགས་བྱེད་བསྙེན་མཚམས་བཞུགས་སའི་གཟིམ་ཆུང་ནང་གི་འཇིགས་བྱེད་ལྷ་བཅུ་གསུམ་ལ་བླ་བརྒྱུད་དང་སྲུང་མས་བསྐོར་བའི་ལྡེབས་རིས།   ཕོ་བྲང་པོ་ཏ་ལའི་གསུམ་སྐས་སྒོ་འཕྱོར་གྱི་ལྡེབས་རིས་རྣམས་ཡིན། 
ཨེ་བག་གྲོ།      ཞེས་པ་ནི་དུས་རབས་བཅུ་བདུན་པའི་དུས་མཇུག་ཙམ་ལ་ལྷོ་ཁ་ཨེ་ཁུལ་དུ་སྐུ་འཁྲུངས།    ཁོང་ནི་འཇིམ་བརྙན་བཟོ་རྩལ་ལ་ཕུལ་དུ་བྱུང་བའི་མཁས་པ་ཞིག་ཡིན།    ཁོང་གི་ཕྱག་བཟོའི་བརྩམ་བྱ་ནི་ཕོ་བྲང་པོ་ཏ་ལའི་ནང་རྟེན་གྱི་གྲས་སུ་ཡོད་པའོ། 
ཨེ་པ་ཡོན་བདག  སྔར་བོད་སྡེ་པ་གཞུང་སྐབས་དབུས་ཀྱི་ལྷོ་ཁ་ཨེ་ནས་ཡོང་བའི་ཡིག་གཟུགས་འབྲུ་ཚ་འབྲི་མཁན་གཙོ་བོ། 
ཨེ་བྲིས།      ཨེ་པ་དྲུང་ཡིག་གིས་བྲིས་པའི་ཡིག་གཟུགས།  
ཨེ་མ།      ངོ་མཚར་བའི་ཚིགཨེ་མ་དེ་ནི་ངོ་མཚར་ཤིན་ཏུ་ཆེའོ།   ཨེ་མ་མཚར།  
ཨེ་མ་ཧོ།      ངོ་མཚར་ཆེ་ཟེར་བའི་བརྡ།   ཨེ་མ་ཧོ།   དེ་འདྲའི་ཁྱད་མཚར།   ཡུལ་དུས་འདིར་བདེ་སྐྱིད་འཛོམས་པ་ཨེ་མ་ཧོ།   འཛིན་མ་འདི་ཡང་རྒྱ་མཚོ་ཆེན་པོ་མ་ནུབ་པར་ཤིན་ཏུ་ལྕི་བའི་ཁུར་ཆེན་པོ་འདི་འདྲ་ཐེག་པ་ནི་ཨེ་མ་ཧོ་ཤིན་ཏུ་སྟོབས་དང་ལྡན་ལ་ངོ་མཚར་བའི་གནས་ཤིག་གོ 
ཨེ་མའོ།      ངོ་མཚར་ཆེ་བའི་ཚིག
ཨེ་དམར་སྒང་།      ཤངས་རྣམ་གླིང་རྫོང་གི་མངའ་ཁུལ་ས་ཆ་ཞིག་གི་མིང་།  
ཨེ་ཙིའི་ནད་ཡམས།  ནད་འདི་ཐོག་མར་སྤྱི་ལོ་༡༩༨༡ལོར་ཨ་རིའི་མཁས་པ་ཚོས་གསར་རྟོགས་བྱུང་ཞིང་མིང་འདི་བཏགས་པ་རེད།   དབྱིན་སྐད་དུ།   Acquired  Immune  Deficiency Syndrome  དེ་བོད་སྐད་དུ་སྒྱུར་ན།   ལུས་ཀྱི་གཟི་མདངས་ཟད་པའི་སྤྱི་རྟགས།   ཞེས་པའི་དོན་ཡིན།  ཡང་ན།  ཟས་སུ་མདངས་ཟ་བའི་སྤྱི་རྟགས།   ཟེར་ནའང་འགྲིགས་སྙམ།   དབྱིན་ཇིའི་བསྡུས་བྲིས་བྱས་པར་ལ་AIDSཞེས་འབྲི་སྲོལ་དར།   འདི་ནི་ནད་རྟགས་ཀྱི་མིང་ཡིན།   ཨེ་ཙི་ནད་ཟེར་ན་ནད་རྟགས་ཐོན་ཟིན་པའི་སྐབས་ཀྱི་ནད་ལ་ཟེར།   ནད་དུག་ཁོག་ཏུ་ཞུགས་ཞིང་ནད་རྟགས་ཕྱིར་མི་མངོན་པའི་སྐབས་སུ་ཁྲག་གི་ནང་དུ་ནད་འབུ་ཡོད་པ་དེ་ལ་དབྱིན་སྐད་དུ།  ” HIV- ཟེར།   དེ་ནི་དབྱིན་སྐད་དུ།   human immunodeficiency  virusདེ་བསྡུས་བྲིས་བྱས་པ་ཞིག་རེད།  དེའི་དོན་ནི།  མིའི་གཟི་མདངས་ཟ་བའི་སྲིན་འབུ།ཞེས་པའི་དོན་ཡིན།   འཛམ་གླིང་རྒྱལ་ཁབ་ཐམས་ཅད་ཀྱི་ནང་ན་ནད་འདི་བཅོས་བྱེད་ཀྱི་སྨན་ད་བར་དུ་རྙེད་མེད།   ནད་འདི་ནི་ཁྲག་དང་གཤེར་ཁུ་བརྒྱུད་ནས་འགོས་པའི་ནད་ཡམས་ཞིག་རེད།    དེར་བརྟེན་ནད་འདི་འགོས་ཚུལ་གཙོ་བོ་ནི།   ཕོ་མོའི་ལུས་འབྲེལ་དང༌།   དུག་ཐལ་འཐེན་ནས་མི་མང་པོས་སྨན་ཁབ་གཅིག་བེད་སྤྱོད་པ་དང༌།   ནད་པ་ལ་གཞན་གྱི་ཁྲག་རྒྱེབ་པ་སོགས་ཀྱིས་འགོས་ནད་ཁྱབ་ཅིང་ཡོད་པ་རེད།   ཁ་རླངས་དང༌།  ལུས་དྲོད་བརྒྱུད་ནས་འགོས་མི་སྲིད་པ་ངོས་འཛིན་བྱེད་ཅིང་ཡོད་འདུག 
ཨེ་ཝཾ།      ཨེ་ཡིག་ཤེས་རབ་སྟོང་པ་ཉིད་དང་།   ཝཾ་ཡིག་ཐབས་བདེ་བ་ཆེན་པོ་མཚོན་པར་བྱེད་པ་སྟེ།   གང་དེ་བཞིན་ཉིད་ནི་ཆོས་ཉིད་ཀྱི་སེམས་ཡིན་པའི་གནད་ཀྱི་རྣམ་པའམ་སྣང་བ་དང་བཅས་པའི་ཡིན་ཞིང་།   རྣམ་པ་སྣ་ཚོགས་པའི་རང་བཞིན་ཅན་དེ་ཉིད་ལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད།   རྣམ་པ་ཐམས་ཅད་པ།   དབང་པོ་ཐམས་ཅད་པ་ཞེས་སོགས་ཀྱི་མིང་དུ་བཏགས་པ་ཨེ་ཡིག་གི་དོན་ཡིན་ནོ།   སེམས་ཀྱི་རང་བཞིན་གྱི་ཚུལ་དེ་ཉིད་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་འགྱུར་བ་མེད་པ།   སོ་སོ་རང་གི་རིག་པའི་མཚན་ཉིད་ཅན་གྱི་ནང་གི་རིག་པ་ཡིན་ལ།   མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་སྟེ་ཆོས་གསུམ་ལྡན་དེ་ལ་དེ་བཞིན་ཉིད།   རྒྱུའི་རྡོ་རྗེ་འཛིན་པ།   དང་པོའི་སངས་རྒྱས་སོགས་ཀྱི་མིང་དུ་བརྗོད་པ་ཝཾ་ཡིག་གི་དོན་ཡིན་ནོ།  
ཨེ་ཝཾ་དགོན་པ།     ①  འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧོར་ཡུལ་དུ་ཕེབས་སྐབས་བཏབས་པར་གྲགས།   རབ་བྱུང་བཅུ་བཞི་པའི་ཤིང་གླང་སྤྱི་ལོ་༡༨༦༥ལོར་བོད་གཞུང་གི་དམག་དང་ཉག་དམག་འཁྲུགས་སྐབས་ཉག་སྐེད་དཔོན་གྱིས་དགོན་པ་མེ་བསྲེགས།   རབ་བྱུང་བཅོ་ལྔ་པའི་ཆུ་སྟག་སྤྱི་ལོ་༡༩༠༢ལོར་བླ་མ་ཆོས་བཟང་བས་དགོན་པ་བསྐྱར་གསོ་གནང་།   གྲུབ་མཐའ་ས་སྐྱ་པ་ཡིན།   ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་ཁོངས་སུ་ཡོད། 
ཨེ་ཝཾ་དགོན་པ།   ②རབ་བྱུང་བཅུ་བཞི་པའི་ལོ་རབ་བཞི་བཅུ་པའི་ནང་ཙམ་ན་བླ་མ་ཆོས་དབང་ཞེས་པས་བཏབས།   གྲུབ་མཐའ་རྙིང་མ་པ་ཡིན།   ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་སུ་ཡོད།   
ཨེ་ཝཾ་ཟུང་འཇུག  རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་།   མཆོག་ཏུ་མི་འགྱུར་བའི་བདེ་ཆེན་གཉིས་དབྱེར་མེད་ཟུང་དུ་འཇུག་པའོ། 
ཨེ་རཎྜ།     དན་རོག
ཨེ་རིས།      ཨེ་བྲིས་དང་དོན་གཅིག 
ཨེ་རེ་འདོད་ཀྱིས།  〔རྙིང〕  གང་འདོད་ཀྱིས་ཤིག་ཅེས་པའོ། 
ཨེ་ལ།  〔ལེགས〕  ཤིང་ཞིག 
ཨེ་ལ་ཕྲ་མོ།      སུག་སྨེལ་གྱི་མིང་གི་རྣམ་གྲངས་ཤིག
ཨེ་ཤ  〔རྙིང〕  ཨ་ཤི་ཟེར་བ་ལྟ་བུ་སྙིང་རྗེ་བའི་ཚིག
ཨེ་ཤོ་ལེགས།      པུ་དེ་གུང་རྒྱལ་དང་འོམ་ཐང་རྨང་གཉའ་གཉིས་ཀྱི་སྲས།   སྔར་བོད་རྒྱལ་བཅུ་པ་སྟེ་སའི་ལེགས་དྲུག་གི་ཡ་གྱལ་ཞིག
ཨེ་གསང་།      མོ་མཚན།  
ཨེ་ལྷ་རྒྱ་རི་བ།      བོད་ལྗོང་ལྷོ་ཁ་ས་ཁུལ་ཁོངས་ཨེ་ཟེར་བའི་ཡུལ་ལུང་གི་དཔོན་ཚང་རྙིང་པ་ཞིག་ཡིན་པ་དེའི་རིགས་རུས་སྔར་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་བརྒྱུད་པ་ཡིན་ཟེར་བས་ཕྱིས་སུ་རྒྱལ་པོ་ཁྲི་འདོན་བྱེད་སྒོའི་གཟུགས་བརྙན་ཕྲན་ཙམ་ཡང་ལྷག་འདུག 
ཨེ་ཨེ།      ངོ་མཚར་བ་དང་།   ཧ་ལས་པའི་སྒྲ།   ཨེ་ཨེ།   དེ་ནི་སྔར་མ་ཐོས་ཀྱི་གཏམ་གསར་རང་རེད།  
ཨེག་ཀ  གཡེར་ཁ། 
ཨེན།      ཅུང་ཟད།   ནོར་འཁྲུལ་ཨེན་ཙམ་བྱུང་བ།   ན་ཚ་ཨེན་ནེ་དྲག་འདུགཁྱོད་རང་ཨེན་ཙམ་སྒུགས་ཤིགརྔན་པ་ཨེན་རེ་སྤྲད་པ།   བྱ་བ་ཨེན་རེ་འཕྱུགས་པས།   ཆགས་སྒོ་རི་ཙམ་ལང་ཡོང་།   
ཨེན་ཅིག   དུས་ཡུད་ཙམ་ཞིག
ཨེན་ཆུང་།  〔ཡུལ〕  བཙུན་པ་ལོ་ཆུང་ངམ།   གྲྭ་པ་ཆུང་ཆུང་།  
ཨེན་ནེ།      གཞན་གྱི་སྐད་ཆ་འདྲེན་པའི་སྒྲ། 
ཨེན་བདག་དགོན།      མིང་གཞན་འོད་གསལ་གླིང་ཟེར།   འདེབས་མཁན་མི་གསལ།   གྲུབ་མཐའ་བོ་དོང་ལུགས་ཡིན།   བོད་རང་སྐྱོང་ལྗོངས་གཞིས་དཀར་རྩེ་ས་ཁུལ་རྒྱལ་རྩེ་རྫོང་ཁོངས་སུ་ཡོད།  
ཨེན་ཙམ།      ཅུང་ཟད་ཙམ། 
ཨེམ་ཆི།      སོག་སྐད་ལྷ་སའི་མི་ཚོས་བེད་སྤྱོད་པའི་ཚིག་ཅིག   སྨན་པའི་དོན་ཡིན།
ཨེར་ཀ་འུན་གྱི་ཆོས་ལུགས།      སོག་པོའི་ཡུལ་དུ་སངས་རྒྱས་ཆོས་ལུགས་མ་དར་གོང་གདོད་མའི་ཆོས་ལུགས་དར་ཞིང་།   གདོད་མའི་ཆོས་ལུགས་སྤྱི་དང་འདྲ་བར་མི་ལ་ན་ཚ་བྱུང་བ་དང་།  འཆི་བ་སོགས་ཀྱི་སྐབས་སུ་ར་ལུག་དང་།    འབྲི་གཡག  རྟ་སོགས་སྟོང་ཕྲག་ནས་བཅུ་ཕྲག་གི་བར་བསད་ནས་ཤ་ཁྲག་གིས་དམར་མཆོད་འབུལ་བའི་ལུགས་ཤིག་ཡོད་ཅིང་།   སོག་ཡུལ་དུ་ཆོས་ལུགས་དེ་ཐོག་མར་གང་ནས་བྱུང་བ་དང་ཁོ་ཚོའི་ལྟ་ཚུལ་གང་ཡིན་པ་སོགས་ཀྱི་དཔྱད་གཞིའི་ཡིག་ཆ་ད་ཕན་མ་མཐོང་།  
ཨེར་ཀོག་གཞུ།      ལག་པའི་མཛུབ་མོར་ཤུགས་བསྣན་ནས་གཞུ་བའི་ཆད་པ་གཏོང་སྟངས་ཤིག   དེ་རིང་ཏག་སེའི་རྩེད་མོའི་ཆད་པ་ནི་ཨེར་ཀོག་གཞུ་རེས་ཡིན། 
ཨེར་ཁ།  〔ཡུལ〕  རྟ་དྲེལ་གྱི་སྐེ་རྒྱན་ཞིག་སྟེ།   གཡེར་ཁ།  
ཨེར་ཏེ་ནི།   〔སོག〕   ①  རིན་པོ་ཆེ་སྟེ་སོག་པོའི་གོ་མིང་ཞིག་ཡིན་ཞིང་སྤྱི་ལོ༡༧༡༣ལོར་མན་ཇུའི་གོང་མ་བདེ་སྐྱིད་རྒྱལ་པོས་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་ཨེར་ཏེ་ནི་ཞེས་པའི་གོ་ས་བསྩལ་བ་དེ་ནས་བཟུང་པཎ་ཆེན་རིམ་བྱོན་ཨེར་ཏེ་ནིའི་ཆེ་མིང་ལྡན་པར་གྱུར།   ②གསེར་ཐམ། 
ཨོ
 
ཨོ།      བོད་ཡིག་གི་ན་རོ་མཚོན་པའི་དབྱངས། 
ཨོ་དཀར་མཚོ།     བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ཁོངས།  ཁོངས་སྲིབ་སོའི་ཕུར་ཨོ་དཀར་མཚོ་ཞེས་གྲགས་ཅན་ཞིག་ཡོད་པ་དེ་ཤོད་རྒྱུན་ལ་ཨོ་རྒྱན་རིན་པོ་ཆེས་སྲིན་མོ་བཏུལ་བའི་གནས་རེད་ཟེར་ཞིང་།   བོད་ཟླ་༦པའི་ཚེས་༤ནས་ཚེས་༡༥བར་གནས་སྒོ་ཕྱེ་བ་ཟེར་ནས་དེའི་རིང་མཚོ་མཇལ་ཡོད་སྐད་དང་དེང་སང་ཡང་ས་ཁུལ་གང་ས་ནས་མཚོ་མཇལ་དུ་ཕེབས་མཁན་མང་པོ་ཡོད་སྐད། 
ཨོ་གུར་དགོན།      མིང་གཞན་སོག་ཨོ་གུར་བཀྲ་ཤིས་ཆོས་འཁོར་གླིང་ཟེར།   དགོན་འདི་ཐོག་མར་འདེབས་མཁན་སོག་པོ་ཨོ་གུར་ཇ་མ་བསོད་ནམས་བཀྲ་ཤིས་ཡིན།   ཁོང་ནི་སྡེ་དགེ་རྒྱལ་པོ་ཁྲི་ཆེན་སངས་རྒྱས་བསྟན་པ་དང་མཆོད་ཡོན་དུ་འབྲེལ་ཚུལ་གསལ་བ་ལྟར་ན་རབ་བྱུང་བཅུ་གཅིག་པའི་ནང་སྟེ་སྤྱི་ལོ་༡༦༥༠ཡས་མས་ཙམ་ན་ཡིན་དགོས།   གྲུབ་མཐའ་དགེ་ལུགས་པ་ཡིན།   ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་སུ་ཡོད།  
ཨོ་གོ་ཏའི་རྒྱལ་པོ།      ཇི་གེར་ཧན་གྱི་བུ་གསུམ་པ།   རབ་བྱུང་གསུམ་པའི་མེ་ལུག་སྤྱི་ལོ༡༡༨༧ལོར་སྐྱེས།   རང་ལོ་ཞེས་གཉིས་པ་རབ་བྱུང་བཞི་པའི་ས་བྱི་སྤྱི་ལོ༡༢༢༨ལོར།  ཇིང་གེར་རང་ཉིད་ཀྱི་ཚབ་ཏུ་སྲིད་དབང་བཟུང་དུ་བཅུག་པ་ནས་རབ་བྱུང་བཞི་པའི་ཆུ་སྦྲུལ་སྤྱི་ལོ༡༢༣༣ལོ་བར་ལོ་ངོ་དྲུག་རིང་སྲིད་དབང་བཟུང་།  
ཨོ་རྒྱན།      ཨུ་རྒྱན་དང་དོན་འདྲ། 
ཨོ་རྒྱན་གྱི་བསྙེན་སྒྲུབ།      གྲུབ་ཐོབ་ཨོ་རྒྱན་པ་ནས་བརྒྱུད་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ།  
ཨོ་རྒྱན་རྒྱལ་པོ་ཨིནྟྲ་བྷུ་ཏི་གསུམ།     སྔ་མ་རྒྱལ་པོ་ཛ་སྟེ་གླེགས་བམ་གྱི་ཆར་བབ་པ།   བར་པ་ཤཱཀྱ་བྷུ་ཏིའི་ཡབ།    ཕྱི་མ་ཟ་ཧོར་རྒྱལ་པོའོ།  ཡང་ན།  སྔ་མ་སྟོན་པ་གསང་འདུས་གསུང་བ།   བར་མ་རྒྱལ་པོ་ཛ་སྟེ་རྒྱུད་དེའི་ཆར་བབ་པ།   ཕྱི་མ་ཨོ་རྒྱན་གྱི་ཟ་ཧོར་རྒྱལ་པོ།   ཡང་ན།   བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཆང་དུ་བཞེངས་ནས་འདུལ་བ་ཨུ་རྒྱན་གྱི་ཡབ་དོད་ཨིནྟྲ་བྷུ་ཏི་སྔ་མ་ཆེ་བ།   ཆང་ཚོང་བྷི་ནས་འདུལ་བ་ཨིནྟྲ་བྷུ་ཏི་བར་མ།   ལྕག་ལིཀྨ་ཆེན་མོས་རྗེས་སུ་བཟུང་བའི་ཨ་ཝ་དྷུ་ཏི་པ་ནི་ཨིནྟྲ་བྷུ་ཏི་ཆུང་བའོ། 
ཨོ་རྒྱན་གླིང་།      ཡོངས་གྲགས་སུ་དགོན་འདི་ཨོ་རྒྱན་གླིང་པས་བཏགས་ཟེར།   བཤད་སྲོལ་གཞན་ཞིག་གི་མངའ་སྡེ་ཤེས་རབ་བཟང་པོས་བཏབས་པ་ཡང་ཟེར།   དུས་ཚོད་མ་ངེས།   གྲུབ་མཐའ་རྙིང་མ་པ་ཡིན།   ད་ལྟ་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ཁུངས་སུ་ཡོད།  
ཨོ་རྒྱན་སྒྲོལ་མ།      སྒྲོལ་མའི་རྣམ་གྲངས་ཏེ།   ཨོ་རྒྱན་རིམ་པའི་སྒྲོལ་མ།  
ཨོ་རྒྱན་པད་མ།      སློབ་དཔོན་པདྨ་འབྱུང་གནས།  
ཨོ་རྒྱན་རིན་པོ་ཆེ།      སློབ་དཔོན་པད་མ་འབྱུང་གནས་ཀྱི་མཚན་གཞན་ཞིག
ཨོ་རྒྱན་ལྷ་ཁང་།      མིང་གཞན་དཔལ་གྱི་ཆོས་སྡེ་ཆེན་པོ་འཁོར་ལྷུན་པོ་ཨོ་རྒྱན་ལི་ཁང་ཟེར།   རབ་བྱུང་བརྒྱད་པའི་ནང་གཞུང་བརྒྱ་པ་དངོས་གྲུབ་དཔལ་གྱིས་ཕྱག་བཏབས།   གྲུབ་མཐའ་ས་སྐྱ་པ་ཡིན།   ད་ལྟ་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་ས་སྐྱ་རྫོང་ཁོངས་སུ་ཡོད། 
ཨོ་རྒྱ་དགོན།      རབ་བྱུང་བརྒྱད་པའི་ས་ཕག་སྤྱི་ལོ་༡༤༧༩ལོར་གྲུབ་ཐོབ་ཤཱཀྱ་བསྟན་འཛིན་གྱིས་བཏབས།   གྲུབ་མཐའ་འབྲི་གུང་བཀའ་བརྒྱུད་ཡིན།  ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་ཁོངས་སུ་ཡོད།    
ཨོ་ཅོ།      〔ཡུལ〕  ར་རྒྱུད་སྤེལ་བའི་ཆེད་དུ་ར་ཕོ་རླིག་པ་མ་བཅད་པའི་མིང་།   ར་གསེབ་དང་དོན་གཅིག
ཨོ་ཅོད།     ཨོ་ཅོ་དང་དོན་གཅིག
ཨོ་ཏན་ཏ་པཱུ་རི།  〔ལེགས〕  འཕུར་བྱེད་ཀྱི་གྲོང་ཁྱེར་ཏེ།   རྒྱ་གར་གྱི་གཙུག་ལག་ཁང་འདི་སློབ་དཔོན་སེང་བཟང་གི་སྦྱིན་བདག་ཆོས་རྒྱལ་དྷརྨ་པ་ལའི་རྒྱལ་རབས་གཅིག་ཙམ་གྱི་སྔོན་དུ་བཞེངས་པར་མངོན།   བསམ་ཡས་གཙུག་ལག་ཁང་དེ་མཁན་པོ་ཞི་བ་འཚོས་ཞལ་བཀོད་མཛད་ནས་ཨོ་ཏན་ཏ་པཱུ་རིའི་བཀོད་པ་ལྟར་བཞེངས་པར་བཤད། 
ཨོ་ཊི་བི་ཤ    རྒྱ་གར་གྱི་གནས་ཆེན་ཞིག་སྟེ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀ་ལི་ཀ་ཏ་ནས་མི་རིང་བའི་སར་ཡོད་པ་དང་།   ཡུལ་དེ་ནི་ཨོ་ཊི་བི་ཤའམ་ཀ་ལིང་ཀའི་ཡུལ་ཏེ་དེ་སྔོན་གསང་སྔགས་དར་བའི་གནས་ཡིན་ཅིང་ད་དུང་ཡང་དེར་ནང་པའི་སྔགས་ཉམས་སུ་ལེན་པ་ཡོད་ཅེས་ཟེར།    ཡུལ་དེར་རྒྱ་མཚོའི་འགྲམ་དང་ཉེ་བ་ན་པུ་རི་ཛ་གད་ན་ཐ་བྱ་བའི་ཁྱབ་འཇུག་ཁང་ངོ་མཚར་ཅན་དེ་ཡོད་ཅེས་གསུངས་སོ། 
ཨོ་ཏྲེ།      རྒྱ་གར་ལྷོ་ཕྱོགས་རྒྱལ་པོ་ཤིང་རྟ་བཅུ་པའི་ཡུལ་དེ་ཡིན་ཞེས་མཁས་པ་མང་པོས་གསུངས།   ཨོ་ཏྲེ་ཞེས་པ་དེ་བོད་སྐད་དུ་རོལ་པ་ཅན་གྱི་དོན་ཡིན་པར་སྐད་གཉིས་ཤན་སྦྱར་གྱི་གཞུང་འགར་གསལ།  
ཨོ་ཐོག〔སོག〕  འབྲོག་པ། 
ཨོ་ཌི་ཡ་ན།    རྒྱ་གར་གྱི་གནས་མཆོག་ཅིག་སྟེ།   མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའིརྒྱ་གར་གནས་ཡིག་ནང་།   བེ་ཤ་ཝར་ནས་མཱ་ལ་གན་དུ་སོང་སྟེ་དེ་ནས་རྐང་འགྲོས་ཀྱིས་ཕྱིན་ན་ས་ཏ་ཟེར་བའི་ལུང་པར་སླེབས་ཤིང་།   དེ་ནི་ཨོ་རྒྱན་གྱི་ཡུལ་ལྟེ་བ་དེ་ཡིན།   ཡུལ་དེར་ཨོ་ཌི་གྲམ་ཟེར་བ་ཞིག་ཡོད་པ་དེ་ནི་དྷུ་མ་ཐ་ལའི་གྲོང་ཡིན།   གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་དང་སྟག་རས་པ་ངག་དབང་རྒྱ་མཚོ་སོགས་ཡུལ་འདིར་དངོས་སུ་ཕེབས་མྱོང་བ་མ་ཟད།   ཁོང་རྣམ་པས་མཛད་པའི་ལམ་ཡིག་ནང་འཁོད་པའི་རི་བོ་ཨི་ལམ་པརྦ་ཏ་ཡང་དེང་སང་དངོས་སུ་མཐོང་རྒྱུ་ཡོད།   དེ་མིན་གྱི་དག་སྣང་འཆར་ཚུལ་མང་པོ་ཡོད་པ་རྣམས་དེང་སང་མི་ཚང་མས་མཐོང་རྒྱུ་ཡོད་པ་ཞིག་མིན་ཞེས་གསལ། 
ཨོ་པ།〔རྙིང〕  ཐམས་ཅད། 
ཨོ་བུན་དགོན།      རབ་བྱུང་བདུན་པའི་ལྕགས་འབྲུག་ལོ་སྤྱི་ལོ༡༤༠༠ལོར་གསལ་འདེབས་མཛད།   གྲུབ་མཐའ་རྙིང་མ་བ་ཡིན།   ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་ཁོངས་སུ་ཡོད།  
ཨོ་མུ་སུ།      ཨུ་མུ་སུའི་འབྲི་ཚུལ་གཞན་ཞིག
ཨོ་མེ་ཧྲན།      ག་སྡེའི་ནང་གླང་ཆེན་འགྱིང་རི་ཞེས་པར་གཟིགས།  
ཨོ་ཚོད།      རང་མཚམས་འོལ་ཚོད།   རང་ཤེད་ཐག་གཅོད་ཀྱི་ཨོ་ཚོད་ཚ་པོ།   བྱ་བ་ཆེ་ཆུང་གང་ཡིན་རུང་།   ཨོ་ཚོད་བྱས་པས་ཕུགས་མི་རྟོགས།  
ཨོ་ཟོབ།      མི་ཤེས་ཤེས་རྫུའམ།   ཁྲམ་པ།   མི་འཇོན་འཇོན་མདོག་གི་ཨོ་ཟོབ་བྱས་ན་མཇུག་ཏུ་རྫུན་ཕུགས་རྡོལ་ཡོང་།  
ཨོ་ཡོ།  〔ཡུལ〕   ①  ཁྱི་གུ།   ཨོ་ཡོ་ངར་ངར་བྱེད་ཀྱང་རང་ཁྱིམ་གྱི་སྒོ་མི་ཁེགས།   ②ཁྱི་ཕྲུག་ཆུང་ཆུང་གི་མིང་ཡིན། 
ཨོ་རོང་པ།      ཀོང་པོ་ཨོ་རོང་ཁུལ་གྱི་མི་ཞིག་སྟེ།   ཡུལ་གྱི་མིང་མི་ལ་བཏགས་པ་ཞིག་ཡིན་ཅིང་།   སྔར་ཇུན་གར་སོགས་ཀྱི་དམག་བོད་ལ་མང་དུ་བྱུང་སྐབས་ཀོང་པོ་དང་སྤོ་བོའི་དམག་མང་དུ་བསྐུལ་བའི་ལོ་རྒྱུས་འདུག་པ་ལྟར།   སྐབས་དེར་ཨོ་རོང་པའི་མི་དེ་དྭགས་ཀོང་གི་དམག་དཔུང་གི་རུ་སྣེ་འཁྲིད་མཁན་ཞིག་ཡིན་པ།   རྗེས་སུ་ཇུན་གར་བའི་དམག་དཔུང་གི་མཚོན་འོག་ཏུ་ཤི་བ་ཞིག་ཡིན།  
ཨོ་རོག  བྱ་ཕོ་རོག
ཨོ་རོད།      སོག་པོའི་ཨོས་ལོད་ཟེར་བའི་སྤྱི་མིང་སྟེ།   ནང་གསེས་ལ་ཧོ་ཤོད།   ཇུན་གར།   ཐོར་གོད།   ཐུ་མེད་བཅས་ཚོ་པ་བཞི་ཡོད།   མཚོ་སྔོན་དང་ཞིན་ཅང་ཕྱོགས་ཀྱི་འབྲོག་པ་བོད་སྐད་དུ་མདོར་བསྡུས་ཏེ་སྟོད་སོག་ཟེར་བ་དེ་ཉིད་ཡིན།  
ཨོ་རོད་ཀྱི་ས་ལ་སྤྱོད་པ་ཧོར་ཐའི་ཇི།      ཇུན་གར་རྒྱལ་པོ་ཚེ་དབང་རབ་བརྟན་འདིའི་མི་རྒྱུད་ཀྱི་སྐོར་ཞིབ་པ་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའིཆོས་འབྱུང་དཔག་བསམ་ལྗོན་བཟང་གི་སོག་པོའི་རྒྱལ་རབས་ཐད་རེའུ་མིག་ཏུ་བཀོད་པ་དེར་གསལ་ལོ། 
ཨོ་རོད་ཇུན་གར།  〔སོག〕  ཨོ་རོད་ཚོ་པ་བཞིའི་ནང་གསེས་ཀྱི་ཇུན་གར།  
ཨོ་རོད་ཚོ་པ་བཞི།      ཨོ་རོད་ལ་ལྟོས།  
ཨོ་རོད་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན།      རྗེ་འདི་ནི་མདོ་སྨད་ཁུལ་དུ་རབ་བྱུང་བཞི་པའི་ས་ཡོས་སྤྱི་ལོ༡༨༡༩ལོར་འཁྲུངས།   སྐུ་གཞོན་དུས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད།   ཧོར་སྤྲུལ་བློ་བཟང་རབ་བརྟན་རྒྱ་མཚོ་དང་།   མཁན་ཆེན་བློ་བཟང་འཇམ་དབྱངས།   ཁྲི་ཆེན་བློ་བཟང་ལྷུན་གྲུབ།   རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱི་སྐུ་དྲུང་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད།   དགུང་ལོ་ཉི་ཤུ་ཐམ་པར་པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་དྲུང་དུ་བསྙེན་རྫོགས་བསྒྲུབས།    དགུང་ལོ་ཉེར་བརྒྱད་ལ་ལྷ་ལྡན་སྨོན་ལམ་ཆེར་གྲྭ་སྐོར་མཛད་ནས་ལྷ་རམས་པའི་མཚན་བཏགས་བཞེས།   དགུང་ལོ་ཞེ་གཉིས་ལོར་དབུས་ཤོག་པ་ཡན་ཤནྟན་བཀྲ་ཤིས་ཆོས་གླིང་དགོན་གྱི་ཁྲི་པ་མཛད།   བཀའ་རྩོམབྱང་ཆུབ་ལམ་རིམ་གྱི་དམིགས་རྣམ་སྐྱོང་ཚུལ་མདོར་བསྡུས་  སྟོན་པ་ཐུབ་པའི་དབང་པོའི་རྣམ་ཐར་རྣ་བའི་བཅུད་ལེན་  མགོན་པོ་ཚེ་དཔག་མེད་དབང་གི་བླ་བརྒྱུད་གསོལ་འདེབས་  ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཤེས་རབ་མིག་སྦྱིན་  ལུང་ཁྲིད་དབང་རྗེས་གནང་སྐོར་གྱི་ཐོབ་ཡིག་དྭངས་ཤེལ་ཕྲེང་བ་  ཚེ་ལྷ་རྣམ་གསུམ་གྱི་སྒོ་ནས་ཚེ་སྤེལ་བར་བྱེད་པའི་ཆོ་ག་  འདུལ་བའི་ལྟུང་བ་སྤྱིར་བསྟན་སྐོར་གྱི་སྡོམ་ཚིག་སོགས་པོད་ཆུང་གཉིས་ཙམ་བཞུགས།   སྐུ་ཚེ་མཐའ་མའི་མཛད་པ་མ་གསལ། 
ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས།     རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གིས་གཙོ་བོར་གཉེར་བའི་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་ལུས་རྩལ་འགྲན་ཚོགས་ལ་ཟེར་བ་ཡིན།   དེ་ནི་གནའ་བོའི་ཞི་ལ་གྱི་ཨོ་ལིན་ཕིག་རྩལ་འགྲན་ནས་འབྱུང་བ་ཡིན།   དེང་རབས་ཀྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ས་དང་པོ་ནི་སྤྱི་ལོ་༡༨༩༦ལོར་གྷི་རིག་ཡ་ཏན་ལ་འཚོགས་པ་དང་།   དེ་རྗེས་ལོ་བཞི་རེར་ཚོགས་ཞུགས་རྒྱལ་ཁབ་ཀྱིས་རེས་མོས་ཀྱིས་གཉེར་གྱི་ཡོད།   དེ་ལ་དབྱར་ཁའི་ཨོ་ལིན་ཕིག་འགྲན་ཚོགས་དང་དགུན་ཁའི་ཨོ་ལིན་ཕིག་འགྲན་ཚོགས་ལ་དབྱེ་བ་ཡིན།  
ཨོ་ལོ།     ①  སྔ་དུས་ལྷ་ས་སྨོན་ལམ་ཆེན་མོའི་ཇ་འདྲེན་མཁན།   ②〔ཡུལ〕  བྱིས་པ་སྤྱིའི་མིང་།   ཨོ་ལོ་གསོ་སྐྱོང་ཕ་མའི་ལས་འགན་རེད།  
ཨོ་ལོ་ལོ།      བྱིས་པ་ཆུང་ངུ་གཉིད་ཐབས་ཀྱི་ཚིགཨོ་ལོ་ལོ།   ཨོ་ལོ་ལོ།   གཉིད་སྐྱིད་པོ་ཉོལ།   ཨོ་ལོ་ལོ།  
ཨོ་ལོག   ཡུ་བའམ།   དབྱུག་པ།  
ཨོ་ཤུའི་ཆུ།  〔ཡུལ〕  སྐུ་མཁྱེན།   རྒན་ལགས།   ཨོ་ཤེས།   དཔེ་ཆ་འདི་ང་ལ་གཡར་རོགས་གནང་།   ཨོ་ཤེས་སྐུ་མཁྱེན་ཟེར་ན་སྙིང་རྗེ་དགོས། 
ཨོ་བསྭ་དགོན་བཀྲ་ཤིས་ཆོས་གླིང་།      ཕྱག་བཏབ་མཁན་དང་བཞེངས་ལོ་མི་གསལ།   ད་ལྟ་མཚོ་ཤར་བ་ཡན་རྫོང་ཁོངས་སུ་ཡོད།  
ཨོག་ཀོར།      ཨོག་སྐོར་དང་འདྲ།  
ཨོག་སྐོར།      མགྲིན་པའི་མདུན་ཕྱོགས།  
ཨོག་དཀར།      གཅན་གཟན་རིགས་ཞུམ་བུ་ལས་ཆེ་ཙམ་པ་འབྲས་ལྗོངས་དང་བལ་པོའི་ཤར་རྒྱུད་ནས་ཐོན་པ་ཞིག
ཨོག་རྒྱ།  མ་ལེའི་ཨག་ཚོམ་དང་འགྲམ་པའི་རྒྱའི་སྤུ།  
ཨོག་སྒྲོག     ①  སྲབ་མཐུར་གྱི་འོག་སྒྲོག   ②ཞྭ་མོའི་འོག་སྒྲོག
ཨོག་འཇོལ།      ལྐོག་ཤལ།  
ཨོག་ཏི།      རྟའི་རྐེ་དང་ལྐོག་མ་རུ་སྐྲངས་པ་དང་རྣག་འབྱུང་བའི་ནད་ཅིག
ཨོག་སྟེགས།      སྒོམ་ཤིང་སྟེ།   སྒོམ་རྒྱག་སྐབས་ཀྱི་ཨོག་མའི་སྟེགས།  
ཨོག་དོང་།  〔ཡུལ〕  མགྲིན་པའམ།   མིད་པ།  
ཨོག་དོམ།      བཞོན་རྟའི་ཨོག་མའི་འོག་ཏུ་འདོགས་རྒྱུ་རྔ་དམར་གྱི་དོམ་སྟེ།   སྔར་བོད་སྡེ་པ་གཞུང་གི་དྲུང་རིགས་སེར་སྐྱའི་གནས་ཆེ་ཆུང་མཚོན་རྟགས་ཤིག
ཨོག་མ།〔ཡུལ〕  མགྲིན་པའི་མདུན་ཕྱོགས།   ཨོག་ལྤགས།   སྙིང་ནས་མི་དགའ་ན་ཨོག་མ་ཡན་གྱི་སྐད་ཆ་སྙན་པོ་ཅི་ཕན།     དབུགས་བཀག་བཏང་བ་ཞེས་པ་མིང་གི་རྣམ་གྲངས། 
ཨོག་ཚར།    ཨོག་དཀར་དང་བྱི་ལ་འདྲེས་པའི་ཕྲུ་གུ།   
ཨོག་ཚར་ཅན།     ①  ཨོག་ཚོམ་ཡོད་མཁན།   ②〔མངོན〕  ར།  
ཨོག་ཚོམ།      མ་ལེ་ལ་སྐྱེས་པའི་སྐུ།   སྐྲ་དང་ཨོག་ཚོམ་དུང་ལྟར་དཀར་བ།   ངོ་གདོང་སྐྱ་སེང་ངེ་ཨོག་ཚོམ་འབྱིལ་བཞིན་སྨྲས་པ།   ཨོག་ཚོམ་བྱུག་བྱུག་བྱས་ནས་གཏམ་ཤོད་ན་གདེང་དང་སྤོབས་པ་ཡོད་པའི་རྟགས་རེད།  
ཨོག་ཚོམ་ཅན།      ཨོག་ཚར་ཅན་དང་དོན་གཅིག 
ཨོག་འཛུམ།      མཆུ་འགུལ་བའི་ཚེ་ཨོག་མའི་སྟེང་དུ་གཉེར་མ་ཤིག་གེ་བའི་འཛུམ་ཞིག་འབྱུང་བས་དེའོ། 
ཨོག་ཞོལ།      ལྐོག་ཤལ།  
ཨོག་རིལ།      རྟ་བོང་སོགས་ཀྱི་བྲུན།  
ཨོག་ཤལ།      ལྐོག་ཤལ།  
ཨོག་གསོག  སྤྲེའུས་ཨོག་མའི་འོག་ཏུ་ཟས་གསོག་པར་བྱེད་པ།  
ཨོག་གསོག་རྒྱག     ①  རི་དྭགས་སེམས་ཅན་གྱིས་ཨོག་ཤོར་ཟས་གསོག་བརྒྱབ་པའི་དོན།    སྤྱང་ཀིས་རི་དྭགས་ཀྱི་ཤ་ཨོག་གསོག་བརྒྱབ་ནས་རང་གི་ཚང་དུ་འཁུར་ཏེ་ཕྲུག་གུ་སྐྱུགས་ཀྱི་འདུག   ②སེར་སྣ་ཆེ་བ་སྟེ་རང་ལ་ཡོད་རྐྱང་སེར་སྣས་སྦས་ཏེ་གཞན་ལ་མི་སྤྲོད་པ།    ཁོས་རྔན་པ་ཚང་མ་ཨོག་གསོག་རྒྱག་གི་རེད། 
ཨོང་།     ①  ཨོང་བ་ལ་ལྟོས།   ②ཨོང་དོ་ལ་ལྟོས།  
ཨོང་གོང་།     ①  རྐུབ་ཀྱི་རྒྱབ་ངོས།   ②མེ་ཤིང་ལྕི་བའམ་རྟ་སྦངས།  
ཨོང་ལྕགས།  〔ཡུལ〕  ཨོང་སྟེགས་ཀྱི་སག་འགྱུར་བ་སྟེ་རྐུབ་སྟེགས་ཀྱི་མིང་ཡིན།  
ཨོང་སྟེགས།      ཨོང་དོ་བཞག་ནས་སྡོད་ཆོག་པའི་སྟེགས་བུའི་མིང་།  
ཨོང་དོ།      རྐུབ་བམ་འཕོངས།   ཡོང་ཤམིང་གི་རྣམ་གྲངས་ལ་རྐུབ་ཚོས་དང་འཕོངས་ཚོས་སོ། 
ཨོང་བ།      གནག་གི་བྲུན་སྐམ་པོ།   ཚིག་བསྡུས་ན་ཨོང་ཞེས་འབྲི་ཆོག་སྟེ།  
ཨོང་རས།     ①  སྨད་གོས།   ②སྒྲོན་མེའི་སྡོང་རས།  
ཨོང་རིལ།      རྟ་སྦངས།   ཨོང་རིལ་མེ་ཡིས་ལྕགས་མི་བཞུ།   ནུས་མེད་གཏམ་གྱིས་དོན་མི་འགྲུབ།   མི་ངན་ཕྱི་འཇམ་ནང་རྩུབ་བོང་བུའི་ཨོང་རིལ་འདྲ། 
ཨོང་རུ།       རྐུབ་ཀྱི་འཕོངས་ཁའི་མིང་སྟེ།   ཕྲུ་གུ་དེ་ག་ས་ག་ལ་རྒྱུག་འགྲོ་ཞིང་འདུག་ཨོང་རུ་ས་ལ་བཙུགས་ནས་བསྡད་ཐུབ་མཁན་ཞིག་མ་རེད་ལྟ་བུ། 
ཨོང་རག  གནའ་དུས་རས་པ་སྒོམ་ཆེན་ཚོས་མཚན་ཁེབ་ཀྱི་ཆེད་དུ་འགེངས་པའི་དོར་མང་གི་རིགས་ཞིག་སྟེ།   དེང་དུས་ཕོ་མོའི་མཚན་ཁེབ་ནང་གྱོན་དང་རིགས་གཅིག་ཡིན།  
ཨོང་ཤ    ལུས་ཀྱི་འཕོངས་ཤ
ཨོམ།      སྐྱོར་ཤིང་ངམ།   མགོ་གཙོ།  
ཨོམ་ཚུགས།      མཁར་རྒྱུག་ལ་ལག་པ་དང་བྲང་གི་ལྗིད་བཀལ་ཏེ་ངལ་བསོ་བ།  
ཨོམ་ཤིང་།  〔ཡུལ〕  འགྱོགས་ཤིང་།  
ཨོའོ་ལགས།      ཞེ་ཚིགརང་གི་གཅུང་པོ་དང་གཅུང་མོར་གོ
ཨོར་ཁུང་།      ཝ་ཁའམ།   ཨོར་པ་འཇུག་སའི་ཁུང་བུ།   ཆུ་འགྲོའི་ཨོར་ཁུང་།  
ཨོར་འཐོམ།      རང་ཤེད།   མི་ཨོར་འཐོམ་ཚ་པོ་ལ་ངང་རིང་གིས་བསླབ་བྱ་བརྒྱབ་ན་གཞི་ནས་ཡར་ཐོན་དུ་འགྲོ་ཐུབ་པ།   རང་ལ་བདེན་པ་མེད་ན་ཨོར་འཐོམ་བཤད་པས་ཁུངས་མི་འཁྱོལ།  
ཨོར་དོང་།      ཀོང་དོང་།   དཔེར།   ཨོར་དོང་ཆེན་པོ་འདི་འདྲ་བྲུས་ནས་ཅི་བྱེད་ལྟ་བུ།  
ཨོར་པ།〔ཡུལ〕  ཆུ་རྒྱུག་སའི་ཝ་མཆུ།   ཐོག་ཀ་རྒྱ་ཆེ་ཡང་འགྲོ་ས་ཨོར་པའི་ནང་རེད། 
ཨོར་སྤོག  དེ་སྔ་གཟིམ་འགག་དང་དགེ་བསྐོས་སོགས་ཀྱི་སྟོད་འགག་འོག་ཏུ་གྱོན་པའི་ཕྱིང་པའི་སྟོད་གོས་འཐུག་པོ་ཕུ་ཐུང་མེད་པ་ཞིག
ཨོར་བ།      དབོར་བ་དང་འདྲ།  
ཨོལ་རྐ།      ཆུ་རྐ་སོ་སོར་གྱེས་པའི་རྐ་ཆུང་གི་མིང་སྟེ།   ཆུ་ཨོལ་རྐ་གཅིག་ཅེས་པ་ལྟ་བུ།  
ཨོལ་སྐོ།  མ་མཆུའི་འོག་གི་ཤ་རུས་འབུར་པོའི་མིང་།  
ཨོལ་ཀྲོང་།      གློ་བ་ནས་གྲེ་བའི་བར་དུ་ཟུག་པའི་དབུགས་རྒྱུ་བའི་ལམ་གློ་ཡུ་ཡང་ཟེར་བ་དེའི་མིང་གི་རྣམ་གྲངས་ཤིག
ཨོལ་ཁུང་།      ཆུ་འགྲོ་སའི་བུ་ག  ཨོལ་ཁུང་བརྟོལ་བས་འཁྱིལ་ཆུ་ཤར་རར་རྒྱུག་པ།  
ཨོལ་གོང་།      སྐེའི་མདུན་ངོས།  
ཨོལ་གོང་པ།      ཨོལ་ཀྲོང་གི་གོང་དུ་གནས་པའི་ཨོལ་མདུད་ཀྱི་མིང་གི་རྣམ་གྲངས་ཤིག
ཨོལ་གོང་ཚ་བ།      ལུག་སོགས་ཀྱི་ཨོལ་མདུད་གྲི་འཐག་བྱས་པའི་ཚོད་མའི་མིང་སྟེ།    སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་མན་ངག་ལྷན་ཐབས་ཀྱི་དཀའ་གནས་བཀྲོལ་བ་རྣམ་རྒྱལ་གསེར་མདོག་གི་ཕྲེང་བ་ལས།    ཨོལ་གོང་ཚ་བ་ནི།    ལུག་གི་ལྟོ་སྟོང་གྲི་འཐག་བྱས་པའི་ཚོད་མ།   ཞེས་གསུངས་པ་ལྟར་རོ།  
ཨོལ་གོང་འཛུམ།      ཡུ་མོ་ཨོལ་གོང་ངམ་སྲོལ་གོང་ཡང་ཟེར།   འདིའི་ལོ་མ་དང་སྡོང་པོ་རྣམས་ཁུ་མང་དང་འདྲ་བའི་མེ་ཏོག་སེར་པོ་ཁ་ཟུམ་པ།  
ཨོལ་སྒོ།      ཁའི་ནང་ཕུགས་ན་ཤ་སྐྱི་འདྲེས་པ་ལས་གྲུབ་པའི་སྦུ་གུ་ཞིག་ཡིན་ཞིང་།   དེ་ནི་དབུགས་འབྱིན་རྔུབ་དང་ཟས་མིད་པ་གཉིས་ཀའི་ལམ་ཐུན་མོང་བ་ཞིག་ཡིན།    སྦུ་གུ་དེ་དུམ་བུ་གསུམ་དུ་བགོས་པའི་དུམ་དུ་སྟོད་མ་ལ་སྣའི་ཨོལ་སྒོ་དང་དུམ་བུ་བར་མར་ཁའི་ཨོལ་སྒོ།   དུམ་བུ་སྨད་མ་ཨོག་ཀོར་གྱི་རྒྱབ་ན་ཡོད་པར་ཨོག་སྐོར་གྱི་ཨོལ་སྒོ་ཞེས་ཟེར་ཆོག
ཨོལ་རྔམས།      འོལ་རྔམས་ཀྱི་འབྲི་ཚུལ་གཞན་ཏེ།   འོལ་ཀ་ལ་ལྟོས།  
ཨོལ་ཆམ།      རྟ་དྲེལ་ལ་ཨོལ་ཆམ་གྱི་ནད་ཕོག་ཚེ་གློ་རྒྱག་མི་ཐུབ་པར་ཡུན་རིང་ན་ནས་ཤ་སྐེམ་པ་དང་།   གཙོ་བོར་ཨོག་མའི་འོག་གམ་གཞན་དུའང་རྡོལ་ཏེ་རྣག་ཁྲག་ཐོན་པའི་རྟ་དྲེལ་གྱི་འགོ་ནད་ཅིག 
ཨོལ་མདུད།   མགྲིན་པའི་མདུན་ངོས་ཀྱི་འབུར་མདུད།  
ཨོལ་བ།      སྐེའི་མདུན་ངོས།   
ཨོལ་སྦོག  ཁྲབ་འོག་ཏུ་གྱོན་བྱེད་ཀྱི་སྟོད་གོས།  
ཨོལ་མ།     ①  ཨོག་ཀོར་གྱི་མིང་གཞན།   ②ཨོལ་བ་ཡི་མིང་གཞན།    ③སྐེའི་མདུན་ངོས་ལ་ཨོལ་མ་ཟེར།  
ཨོལ་འཛུམ།      མ་མཆུའི་འོག་ཏུ་ཁ་འགུལ་དུས་གཉེར་མ་ཞིག་འབྱུང་བས་དེའི་མིང་།  
ཨྲ།    སྡེ་དགེའི་ཡུལ་སྐད་དུ་སྦྲ་གུར་ལ་ཨྲ་ཞེས་པའི་སྒྲ་གདངས་ཀློག་ཅིང་ཡོད་པ་རེད།   
ཨྲུས།    སྡེ་དགེའི་ཡུལ་སྐད་ལ་སྦྲུལ་ལ་ཨྲུས་ཞེས་ཀློག་ཅིང་ཡོད་པ་རེད།    
ཨོཾ།     ①  སྐུ་རྡོ་རྗེ་སོགས་མཚོན་དོན་མང་པོ།   ②སྔགས་ཀྱི་མགོ་འདྲེན་བྱེད།  
ཨོཾ་མཛད་མ།      སྒྲོལ་མའི་མིང་གི་རྣམ་གྲངས།  
ཨོཾ་སྭསྟི།〔ལེགས〕  བདེ་ལེགས་སུ་གྱུར་ཅིག་ཅེས་དཔེ་ཆའི་འགོར་འབྲི་བའི་ཤིས་བརྗོད་ཀྱི་སྐད་དོད་ཅིག 
ཨཽ་ཌི་ཡཱ་ན།  〔ལེགས〕  ཨུ་རྒྱན་ཡུལ།   ཨུ་རྒྱན་ལ་ལྟོས།  
ཨཱ
ཨཱ་ག་མ།〔ལེགས〕  འགྲོགས་བྱེད་པ།    
ཨཱ་ཐའེ་ཀར།      རྒྱ་གར་གྱི་རི་མོ་མཁས་ཅན་ཞིག་ཡིན།   ཁོང་གིས་སྤྱི་ལོའི་དུས་རབས་བཅུ་དགུ་ནས་ཉི་ཤུ་འཕྲད་མཚམས་བར་དུ་སྒྱུ་རྩལ་གྱི་ཕྱག་ལས་གནང་ཡོད།    ཁོང་ནི་རྒྱ་གར་གྱི་སྙན་ངག་མཁས་ཅན་ཐའེ་ཀར་གྱི་ཚ་བོ་ཡིན།    ཁོང་གིས་གནའ་བོའི་ལྷ་སྒྲུང་དང་ལོ་རྒྱུས་ཀྱི་སྙན་ངག་གི་ནང་ནས་བརྗོད་བྱ་བླངས་ཏེ་བརྩམ་བྱ་གསར་རྩོམ་བྱེད་པ་དང་།   དེ་བཞིན་སྐབས་དེའི་མི་དམངས་ཀྱི་འཚོ་བའི་སྣང་ཚུལ་མཚོན་པའི་མི་སྣའི་སྣང་བརྙན་བྲིས་པ་དང་།    རི་མོའི་ཐབས་རྩལ་ལ་མཚོན་ན་ཆུ་ཚོན་གྱིས་སྣུམ་ཚོན་གྱི་ཚབ་བྱས་ཏེ་འབྲི་བ་སོགས་རྒྱ་གར་མི་རིགས་ཀྱི་རི་མོ་གསར་པ་ཞིག་གསར་གཏོད་མཛད་ཡོད།  
ཨཱ་ཙརྱ།      ཨ་ཙ་ར་དང་འདྲ།   
ཨཱ་རྱ་དེ་ཝ།      ཨརྱ་དེ་ཝ་དང་དོན་གཅིག 
ཨཱ་ལི།〔ལེགས〕  ཨ་ཕྲེང་སྟེ་དབྱངས་ཀྱི་ཡི་གེཨཱ་ལིའི་སྡེ་ཚན།   
ཨཱ་ལི་ཀཱ་ལི།〔ལེགས〕  ཨ་ཕྲེང་ཀ་ཕྲེང་ངམ་དབྱངས་གསལ།   
ཨཱ་ལི་དང་པོ།       གི་གུའི་མིང་དང་།   དེ་བཞིན་དུ་ཨཱ་ལི་གཉིས་པ་དང་།   གསུམ་པ།   བཞི་པ་བཅས་ཀྱང་རིགས་འགྲེ་ཆོགཨི།   གི་གུ།  
ཨཱ་ལི་བཞི།      བོད་ཡིག་དབྱངས་བཞི་སྟེ་ཨི་ཨུ་ཨེ་ཨོ།   
ཨཱ་ལི་གསལ་བྱེད།      བོད་ཡིག་ལྟར་ན་དབྱངས་ཀྱི་བྱ་བ་གསལ་བར་བྱེད་པའི་ཨི་ཨུ་ཨེ་ཨོ་བཞི་གའི་སྒྲ་དང་ཡིག་གཟུགས།   
ཨཱ་ལིའི་བྱ་བ།      དབྱངས་ཡིག་གི་བྱེད་ལས།   
ཨཱརྱ་ཏཱ་ར།〔ལེགས〕  འཕགས་མ་སྒྲོལ་མ།   དཔྲལ་པའི་དཀྱིལ་ན་སིནྡྷུ་རའི་ཐིག་ལེའི་སྟེང་ན་ཨཱརྱ་ཏཱ་ར་ནས་རྡོག་ཙམ་ཞིག་ཡོད།   
ཨཱརྱ་དེ་བ།      ཨརྱ་དེ་ཝ་དང་འདྲ།  
 
 

  • ལེ་ཚན་སྔོན་མ།:རྒྱ་བོད་དབྱིན་གསུམ་ གསར་བྱུང་རྒྱུན་བཀོལ་མིང་མཛོད།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གཅིག་གྱུར་བྱུང་བའི་མིང་ཚི