ལས་ཀ་ལས་ཚར་བ།
ཚོང་དཔོན་ཞིག་གིས་ལག་དོ་ལ་ཉིན་ལྟར་ཁྱོད་ཀྱིས་ལས་ཀ་མ་ཚར་ཞེས་གཤེ་གཤེ་བཏང་བ་རེད། ཉིན་ཞིག་ལམ་བར་དུ་ལག་དོས་མི་རོ་ཞིག་མཐོང་ནས་ཚོང་དཔོན་ལ། ཨ། ཚོང་དཔོན་ལགས། འདིར་མི་ཞིག་གིས་ལས་ཀ་ཚར་འདུག་ཅེས་སྨྲས། ཚོང་དཔོན་གྱིས་བདེན་སྙམ་སྟེ་དེ་ནས་བཟུང་ལག་དོ་ལ་མ་གཤེ་པ་རེད།
ངན་ལན་སློག་པ།
གནའ་སྔ་མོ་མི་ཞིག་གྲོགས་པོ་སར་སོང་། གྲོགས་པོ་དེས་ཤ་བཏོགས་ཚར་བའི་རྐང་ཏོ་ཞིག་དང་སྟ་རེ་ཞིག་མདུན་ལ་བཞག་ནས་ཟོས་ཞེས་ཟེར། མི་དེའི་བསམ་པར་ང་ལ་མཐོང་ཆུང་བྱེས་སོང་སྙམ་ནས་ཁྱིམ་ལ་ལོག
ཉིན་ཞིག་གྲོགས་པོ་ཁོའི་ཁྱིམ་ལ་འབྱོར། ཁོས་ཀྱང་ཤ་བཏོགས་ཚར་བའི་རྐང་དོ་ཞིག་དང་ལག་སྟར་ཞིག་མདུན་ལ་བཞག་ནས་ཟོས་ཟེར་ཞིང་ངན་ལན་འཕྲོད་སོང་སྙམ་སྟེ་སྙིང་ཚིམས། བསམ་ཡུལ་ལས་འདས་པར། གྲོགས་པོས་རྐང་ཏོ་ཡར་བླངས་ནས་མེ་ལ་བསྲོས་རྗེས་ལག་སྟར་གྱིས་བཅག་ནས་རྐང་རྣམས་ཟོས་སོ། །
སྤྱང་ཀིའི་རྣ་བར་ཆོས་བཤད་པ།
གནའ་སྔ་མོར་བླ་མ་ཞིག་སྤྱང་ཀི་ཞིག་དང་ཕྲད། བླ་མ་དེས་སྤྱང་ཀིར་སེམས་ཅན་བསད་ན་སྡིག་པ་ཡོད་རབས་མང་པོ་བཤད། དེ་དུས་སྤྱང་ཀིས་ཡ། ཨ་ཁུ་ད་མགྱོགས་ཙམ་གསུངས་རོགས་མ་གཏོགས་ཕ་གའི་རི་འགོའི་ལུག་དེ་ལ་བརྒལ་གྲབས་འདུག་ཟེར།
ཁ་འཚིག་ལུང་པ།
གནའ་སྔ་མོ་མི་ཞིག་གཞན་དུ་མགྲོན་ལ་སོང་། ཁྱིམ་ཚང་དེས་སྦྲང་རྩི་མར་ཁུ་ཚ་ཁོལ་ཅ་ནེ་གང་བླུགས་སྦྲང་རྩི་མར་ཁུ་ལ་ཁོལ་མ་ལའང་རླངས་པ་མེད་སྟབས་ཧུབ་གང་འཐུང་བས་ཁ་འཚིག་ནས་ན་ཟུག་བསྲན་མ་ཐུབ་པར་མཆི་མ་ཤོར། ཁོས་གཞན་གྱིས་མི་ཚོར་བའི་ཆེད་དུ་གྱེན་ལ་བལྟས་ནས་ཁྱོད་ཚང་གི་གདུང་མ་གང་དུ་བཅད་པ་རེད་ཅེས་དྲིས། ཁྱིམ་བདག་དེས་ཁ་འཚིག་པ་ཤེས་ནས་ཁ་འཚིག་ལུང་པར་བཅད་ནས་མིག་ཆུ་གདོང་ནས་དེད་ཡོང་བ་རེད་ཅེས་ལན་བཏབ།