ལྗང་མདོག་གི་རྩེད་ར།

༼མི་ཉག་རྫོགས་ཆེན་སློབ་གྲྭ ༽ ཚེ་རིང་ཆོས་འཚོ།        2015-06-01

ལོ་ཡི་ཁོར་མོ་ཡུག་ཏུ་བྱ་སྒྲོ་ལྟ་བུའི་ཁ་བ་དཀར་པོའི་འདབ་མས་འཕུར་ལྡིང་བྱེད་ཅིང་། ཀེ་ལ་ཤས་མུ་ཁྱུད་ཀྱིས་བསྐོར་བའི་འདབ་རོལ་ཏུ་ལྷིང་འཇགས་ངང་འཚོ་བ་སྐྱེལ་བཞིན་པའི་སྡེ་བ་ཆུང་ཆུང་ཞིག་ཡོད།  དེ་ནི་སྨན་ཆུང་ངའི་སྙིང་དབུས་སུ་ནམ་ཡང་འགྱུར་མེད་ཀྱི་ཕ་ཁྱིམ་དྲོན་མོ་སྟེ། ངའི་ཕ་ཡུལ་ལགས།
ངའི་ཕ་ཡུལ་ནི་རྒྱ་མཚོའི་ངོས་ལས་སྨི་བཞི་སྟོང་ལྔ་བརྒྱ་ལྷག་གིས་མཐོ་བའི་མཐོ་སྒང་དུ་གནས་ཡོད་པས།  གཞན་ཡུལ་ལྟ་བུའི་དྲོད་འཇམ་གྱི་དུས་ཚིགས་ཤིག་མེད་དེ། དུས་རྟག་ཏུ་དགུན་བསླེབ་པ་མགྱོགས་ཤིང་དགུན་ཐག་རིང་བ་དང་། དཔྱིད་དཔལ་བསླེབ་པ་དལ་བར་མ་ཟད་ཧ་ཅང་ཐུང་།  འོན་ཀྱང་དེ་ལ་འཁང་ར་དང་མི་དགའ་བའི་སྡེ་མི་གཅིག་ཀྱང་མེད། ཚང་མ་རང་གི་ཕ་ཡུལ་ལ་དགའ་ཞིང་དུངས་པས་སྒོ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།
དཔྱིད་དཔལ་བུ་མོས་རི་ཆུ་སྟོང་ཕྲག་བརྒལ་ནས་ངའི་ཕ་ཡུལ་དུ་བསླེབས་དུས་ཕལ་ཆེར་བོད་ཟླ་བཞི་བའི་ནང་ཙམ་ཡིན། ཐོག་མར་བརླན་གཤེར་ཆེ་བའི་ན་ཁུག་དང་སྤང་འདབས་སུ་ཁྲ་མཛེས་མེ་ཏོག་དང་སྔོ་ལྗང་གི་རྩྭ་ཕྲན་ཐར་ཐོར་དུ་སྐྱེས་ནས་དཔྱིད་དཔལ་ཐོན་པའི་སྔོན་བརྡ་གཏོང་བ་རེད། དེའི་རྗེས་སུ་རིམ་བཞིན་གནས་མཐོ་སར་སྔོ་འཇམ་གྱི་ལྗང་མྱུག་འབུས་པ་དང་སྐམ་ཉིད་དུ་གྱུར་བའི་རྩྭ་དང་རྩི་ཤིང་ཚང་མར་གསོན་ཤུགས་རྒྱས་ནས་སྔོ་ལྗང་གི་ལྭ་བས་བཀླུབས་ཤིང་རྫུབ་སྟུག་པོར་སྐྱེ་བར་རེམ་པ་རེད།  ཤེལ་དཀར་ལྟ་བུའི་ས་འཛིན་ནི་བུད་མེད་ཅིག་གི་དཀར་རྩི་བྱུགས་པ་དེ་རྔུལ་ཆུས་བརླན་ནས་དཀར་རྩི་རྣམས་ཕྱོགས་གཅིག་གམ་གདོང་ཁུག་ཏུ་བསྡུས་ནས་ཁྲ་ཁྲར་གྱུར་འདུག་པ་སོགས་ནི་ངའི་ཕ་ཡུལ་གྱི་དཔྱིད་ཀ་ཐོན་པའི་མཚོན་རྟགས་ཤིག་ཡིན།
དཔྱིད་དཔལ་གྱི་གོམ་སྟབས་དེས་ངའི་ཕ་ཡུལ་གྱི་སྡེ་མི་རྣམས་ལ་སྤྲོ་སྐྱིད་ལྡན་ཞིང་བྲེལ་འཚུབ་ཆེ་བའི་དུས་ཚིགས་ཤིག་སྟེར་ཏེ།  སྐྱ་རེངས་འཇོལ་མོས་ཅོང་བརྡ་བཏང་བ་དང་མཉམ་དུ་སྡེ་མི་རྣམས་མལ་ལས་ལངས་པ་དང་ཞོགས་ཟས་གྲ་སྒྲིག་བྱེད་པ། དབྱར་རྩྭ་དགུན་འབུ་བརྐོ་བར་ཁྱེར་བའི་རྒྱགས་བྲོ་སོགས་སྟ་གོན་ཆ་ཚང་ཚགས་རྗེས། ནོར་གནག་རི་སྒང་དུ་རྒྱབ་ནས་དར་མ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་དབྱར་རྩྭ་དགུན་འབུ་བརྐོ་རུ་འགྲོ་བ་རེད། ཤུལ་དུ་ལུས་ཡོད་པ་ནི་སྤོ་བོ་དང་རྨོ་བོ། བྱིས་པ་རྣམས་ཡིན། དེ་དག་གིས་ལོ་ལྟར་རིང་བའི་དཔྱིད་ཉིན་ལ་བཟོད་མི་ཐུབ་པར།  ནམ་རྒྱུན་རང་རང་གི་ཐུབ་ཚོད་ཀྱིས་བྱ་བ་ཙག་ཙིག་རེ་སྒྲུབ་པ་རེད།
ངེད་ཚང་ཡང་དེ་བཞིན་ཡིན་ཏེ། སྤོ་བོ་དང་རྨོ་བོ།ངེད་གསུམ་པོ་ཤུལ་འདུག་ཡིན།  ངའི་སྤོ་བོ་དང་རྨོ་བོ་གཉིས་ནི་འབྲོག་པ་རྣལ་མ་གཉིས་ཡིན་མོད། འོན་ཀྱང་། ཁོང་གཉིས་ནི་ཞོག་ཁོག་དང་ཚོད་དཀར།  ལ་ཕུག་སོགས་འདེབས་པར་དགའ་བ་མ་ཟད། ངའི་རྨོ་བོ་མེ་ཏོག་འདེབས་པར་ཧ་ཅང་དགའ།  ལོ་རེའི་དཔྱིད་ཀ་ཐོན་ལ་ཉེ་དུས་རྨོ་བོས་སྔོན་ནས་ཨ་ཕར་མེ་ཏོག་གི་ས་བོན་ཉོ་རུ་འཇུག་པ་དང་ལོ་ཏོག་སོགས་འདེབས་པའི་དུས་ལ་སླེབ་སྐབས།  ཁོ་མོས་ནན་ཏན་གྱིས་མེ་ཏོག་རྨོ་ཡུལ་ལེགས་པོ་ཞིག་གདམས་པ་དང་།དེར་གཙང་སྦྲ་ལེགས་པོ་ཞིག་ཀྱང་བྱས་ནས་ས་བསློག་པ་དང་།   མེ་ཏོག་གི་ས་བོན་ཚད་དང་རན་པ་ཞིག་སྤོ་བོ་དང་རྨོ་བོ་གཉིས་ལ་ས་སློག་རོགས་དང་ས་བོན་འདེབས་རོགས་བྱེད་པ་དང་། ཆར་མི་འབབ་པའི་སྐབས་སུ་རྨོ་བོར་མེ་ཏོག་ལ་ཆུ་གཏོར་རོགས་དང་ལུད་འཇོག་རོགས་བྱེད་པ་རེད། རྨོ་བོས་བྱམས་བརྩེ་ལྡན་པའི་སྒོ་ནས་ནམ་རྒྱུན་དུ་ང་ལ་མེ་ཏོག་དང་ལོ་ཏོག་སོགས་འདེབས་པར་དོ་སྣང་ཅི་ཞིག་བྱེད་དགོས་པ་དང་། ཇི་ལྟར་བྱས་ན་ད་གཟོད་འབྲས་བུ་ཕུན་སུམ་ཚོགས་པ་ཞིག་འབྱུང་ཐུབ་པ་སོགས་གཅིག་གཅིག་གཉིས་གཉིས་བྱས་ནས་བཤད་པ་རེད། འོན་ཀྱང་།  སེམས་མེད་ཀྱི་བྱིས་བློའི་ངོས་སུ་འཆར་ཡན་དང་རྩེད་མཚར་གྱིས་ཁེངས་པས།  རྨོ་བོས་བཤད་པའི་སྐད་ཆ་མང་བོ་ཞིག་རྣ་རྒྱབ་ཀྱི་རླུང་བུར་བསྐུར་བས། ད་ལྟ་གར་སོང་ཆ་མེད་དུ་གྱུར་འདུག
དབྱར་གཞུང་བསླེབས་པ་ན།  ངེད་ཚང་གི་ཚལ་ཞིང་ནང་དུ་ལོ་ཏོག་གི་འདབ་ལོ་སྟེ། སྔོ་ཞིང་དཀར་ཤེད་ཆེ་བའི་ཚོད་དཀར་གྱི་ལོ་འདབ་དང་། སྔོ་ལྗང་གི་ལ་ཕུག་ལོ་འདབ།  ད་དུང་སྔོ་ནག་གི་ཞོག་ཁོག་གི་ལོ་འདབ་སོགས་ལྷུག་པོར་གྲོལ་འདུག་པ་དང་།  ཞོག་ཁོག་ལ་ལའི་ལོ་འདབ་སྟེང་དུ་མེ་ཏོག་དཀར་པོ་བཞད་ཡོད་པ་དང་། ལ་ལ་མ་བཞད་པར་སིལ་ཏོག་འབྲུག་མིག་ལྟར་ལོ་འདབ་སྟེང་ནས་ཐུར་དུ་དཔྱངས་འདུག   དེ་དག་བསིལ་རླུང་ཁྲོད་མཚོ་མོའི་རྦ་རླབས་ལྟར་ཡོམ་ཡོམ་དུ་འཕྱོ་བཞིན་འདུག་ལ།  ད་དུང་ཁང་བའི་སྒོ་མདུན་གྱི་མེ་ཏོག་ལྡུམ་རའི་ནང་དུ་མིང་འདོགས་མི་ཤེས་པའི་མེ་ཏོག་དང་མི་ཤེས་པའི་མེ་ཏོག་སྣ་ཚོགས་ཐང་མར་བརྡལ་འདུག་པ་དང་། འཕུར་སྐྱོད་ལ་མཁས་པའི་ཕྱེ་ལེབ་རྐང་འགས་མེ་ཏོག་གི་མཛེས་སྡུག་གི་ལང་ཚོ་དང་དྲི་ཞིམ་ལོངས་སུ་སྤྱོད་བཞིན་འདུག
དཔག་དཀའ་བའི་དབྱར་གཞུང་གི་ནམ་ཟླ་ནི་ཧ་ཅང་ངོ་མཚར་ཅན་ཞིག་ཡིན་ཏེ། ཉི་འོད་ལམ་ལམ་དུ་འཕྲོས་འདུག་པ་དང་མཁའ་དབྱིངས་སུ་སྤྲིན་དཀར་མཐེ་བོང་ཙམ་ཡང་མཐོང་རྒྱུ་མེད་ནའང་། གློ་བུར་དུ་སྤྲིན་ནག་ལང་ལོང་དུ་འཁྲིགས་པ་དང་འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་ནས་དྲག་ཆར་ཤག་ཤག་ཏུ་བབས་བྱུང་། གྲལ་དག་ཅིང་གོམ་སྟབས་མཉམ་བསྡེབས་ཀྱི་ཆར་རྡོག་དང་འགྲོགས་པའི་ལོ་ཏོག་གི་འདབ་ལོ་དག་ཆར་རླུང་ཁྲོད་ཕར་གཡོ་ཚུར་གཡོ་བྱེད་པ་ནི།  ལོ་ན་བགྲེས་པའི་ཨ་ཁུ་ཞིག་དལ་བུར་མདུན་ཕྱོགས་སུ་བསྐྱོད་འོངས་པ་དང་གཉིས་སུ་མེད་པས། དགོད་བྲོ་ལ་སྙིང་རྗེ་བ་ཞིག་ཀྱང་རེད།
ཡུད་ཙམ་འགོར་རྗེས། དྲག་ཆར་འབབ་མཚམས་བཞག་ནས་དྲོད་འཇམ་གྱི་ཉི་འོད་ཡང་བསྐྱར་དྲོད་ལམ་ལམ་ཤར་བ་དང་། ཐག་མི་རིང་བའི་ས་འཛིན་གྱི་ཕྲག་སྟེང་དུ་ནམ་བསླེབས་མ་མཐོང་བའི་འཇའ་ཚོན་ཞིག་ཀྱང་ཤར་འདུག   འདུག་མི་ཐུབ་པའི་ང་བྱ་འཕུར་བ་ལྟར་སྒོ་ཁར་བརྒྱུགས་ནས་འཇའ་རྗེས་སྙེགས་པས། སྐམ་ཐང་ཐང་གི་གོན་པ་དང་ལྷམ་སོགས་སྐད་ཅིག་ཉིད་ལ་རྩྭ་མགོའི་ཟིལ་བས་རློན་པར་དང་།  རྨོ་བོ་ངའི་རྗེས་དེད་བྱས་ནས་བྱམས་བྱམས་ངང་ཁྱིམ་དུ་ཁྲིད་ཅི་ཐུབ་དང་། སྤོ་བོས་གནའ་གཏམ་བཤད་ཟེར་ནས་ང་རང་ཁྱིམ་དུ་འབོད་ཅི་ཐུབ་བྱེད་པ་རེད།
 ངས་སྤོ་བོས་གནའ་གཏམ་བཤད་རྒྱུ་ཟེར་བ་ཐོས་མ་ཐག    ང་རང་མཆོངས་ལྡིང་གཅིག་གིས་ཁྱིམ་དུ་རྒྱུགས་པ་ཡིན། ཐོག་མར་རྨོ་བོས་བྱམས་བརྩེའི་འཛུམ་མདངས་ལས་སེམས་ཁུར་གྱི་ཉམས་ཤིག་བསྟན་ནས་ང་ལ་གོན་པ་བརྗེ་བ་དང་། སྤོ་བོའི་འགྲམ་དུ་བལ་གདན་དྲོན་མོ་ཞིག་བཏིང་ཡོད་པ་དང་ལྭ་བ་དྲོད་འཇམ་ལྡན་པ་ཞིག་ཀྱང་བཞག་ནས་ང་རང་དེའི་སྟེང་འདུག་ཏུ་འཇུག་པ་རེད།  སྤོ་བོས་སེམས་ཁུར་སྒོས་ང་ལ་གྲང་འཁྱགས་སྐོར་དྲིས་རྗེས་སྒྲུང་གཏམ་བཤད་མགོ་བརྩམས།  རྨོ་བོས་མགུལ་གྱི་ཕྲེང་བ་དེ་ཕུད་དེ་ཁོ་རང་ཐབ་འགྲམ་དུ་དལ་མོར་ཙོག་ནས་མ་ཎི་འདོན་མགོ་བརྩམས་པ་རེད། ངས་གྲང་འདར་རྒྱག་ཞོར་གཟབ་ནན་གྱིས་སྤོ་བོའི་སྒྲུང་གཏམ་ལ་ཉན་ནས་བསྡད་པ་ཡིན།  སྤོ་བོས་གཟབ་ནན་གྱིས་སྒྲུང་གཏམ་ནང་གི་དཔའ་རྒོད་རྣམས་ཀྱི་དཔའ་འཛངས་རྟུལ་ཕོད་ཀྱི་བློ་སྤོབས་སོགས་བཤད་སྐབས་ཁོང་གི་ངོ་གདོང་ལ་འཛུམ་མདངས་རྒྱས་པ་དང་། མ་ནེར་བྱིལ་བྱིལ་བྱེད་པ་རེད། བལྟས་ཚོད་ལ་ཁོང་གིས་ཧ་ཅང་རླབས་ཆེ་བའི་བྱ་བ་ཞིག་སྒྲུབ་བཞིན་པ་དང་ཀུན་ནས་མཚུངས།  སྒྲུང་ནང་གི་མ་རབས་རིགས་བཤད་སྐབས།  སྐད་གདངས་ཅུང་དམའ་བ་དང་ཡིད་ཕངས་པའི་སྒོ་ནས་བཤད་པ་རེད།   ངས་ཉན་གྱིན་ཉན་གྱིན་ཅི་ཡིན་འདི་ཡིན་མེད་པར་རྨི་ལམ་གྱི་ཞིང་ཁམས་སུ་ཉུལ་འགྲོ།
ང་རང་ནི་སྤོ་བོ་དང་རྨོ་བོ་གཉིས་ཀྱི་རྔ་མ་ལྟར་སྐར་མ་གང་ཡང་འབྲལ་མི་ཐུབ་པའི་ཚ་མོ་ཞིག་ཡིན་ཏེ།  ང་རང་ཆུང་དུས་ནས་ཁོང་གཉིས་དང་འགྲོགས་ནས་དབྱར་ས་དང་དཔྱིད་ས་གང་ལའང་སོང་མྱོང་།  ཁོང་གཉིས་མེད་ཚེ་ང་རང་སྡོད་མི་ཚུགས་པ་ཞིག་ཏུ་གྱུར་ཡོད་པས།  དེའི་ཕྱིར་ང་རང་ནི་ཁོང་གཉིས་ཀྱི་གནའ་གཏམ་ལ་ཉན་ནས་བྱིས་དུས་ཀྱི་འཚོ་བ་བསྐྱལ་བ་ཡིན་ཞེས་བཤད་ཀྱང་ཆོག  ངའི་སྤོ་བོས་བོད་ཡིག་ཅུང་ཙམ་ཤེས་པས།  ནམ་རྒྱུན་དུ་ཁོང་གིས་ཁ་འདོན་གྱེར་བ་དང་གེ་སར་སྒྲུང་ལ་ཉན་པར་ཧ་ཅང་དགའ།  དེར་མ་ཟད་ང་རང་ལ་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་གནའ་གཏམ་མང་བོ་བཤད་པ་རེད།  སྐབས་འགར་ཁོང་གིས་སྒྲུང་ལ་ཉན་ཚར་རྗེས་ཡང་བསྐྱར་ང་ལ་གནའ་གཏམ་གྱི་ཚུལ་གྱིས་སྒྲུང་དེ་བཤད་པ་རེད།  དེ་ནི་སྐབས་དེའི་ང་ལ་མཚོན་ན་ཧ་ཅང་དགའ་བའི་བྱ་བ་ཞིག་ཏུ་གྱུར་ཡོད།
ཉིན་ཐོག་ཟླ་དང་།  ཟླ་ཐོག་ལོ་བྱས་ནས་ངའི་བྱིས་དུས་ཀྱི་འཚོ་བ་སྤྲོ་སྐྱིད་དང་དགོད་སྒྲའི་ཁྲོད་ནས་སྐྱེལ་བ་ཡིན་ཏེ།   སྐབས་འགར་བྱིས་པའི་གླེན་རྟགས་བསྟན་ནས་སྤོ་བོ་དང་རྨོ་བོ་གཉིས་དགོད་མཚམས་འཇོག་མི་ཐུབ་པར་གྱུར་བ་དང་།  སྐབས་འགར་ངས་ཨུ་ཚུགས་མཐའ་སྐྱེལ་བྱས་ནས་ཁོང་གཉིས་ཀ་ཅི་བྱ་གཏོལ་མེད་དུ་གྱུར་བའང་ཐེངས་གང་མང་མང་ཡིན། དེ་དག་ནི་ཇི་འདྲའི་མཚར་སྡུག་ལྡན་ཞིང་མངར་སྐྱུར་འདྲེས་མའི་འཚོ་བ་ཅིག་རེད་ཨང་།   འོན་ཀྱང་།   མི་ཚེ་སྐྱིད་དུས་སྡུག་དུས་ཞེས་པ་ལྟར།  ད་ལྟ་ཁོང་གཉིས་ང་དང་གཏན་དུ་བྲལ་ཟིན་པས།  ང་རང་ལ་དེ་ལྟ་བུའི་བདེ་སྐྱིད་ཅིག་རོལ་མྱོང་བྱེད་པའི་བསོད་ནམས་ཡེ་ནས་མེད།  ང་ལ་ལུས་ཡོད་པ་ནི་གློ་བུར་ཁེར་རྐྱང་དུ་གྱུར་བའི་བརྗོད་མི་ཤེས་ཤིང་འབྲི་ཡང་མི་ཤེས་པའི་ཚོར་བ་བསྐ་མོ་དང་ན་ཟུག་ལྕི་མོ་ཞིག་སྟེ།  ཕྱིར་དྲན་བྱེད་ཐེངས་རེར་ང་ལ་སྡོམ་ཚིག་ཅིག་ཐོབ་པ་ནི་ངས་ཁོང་གཉིས་ལ་བཞག་པ་ནི་སེམས་ཁྲལ་དང་དྲན་གདུང་དེ་ཡིན་ཞིང་། ཁོང་གཉིས་ཀྱིས་ང་ལ་གནང་བ་ནི་འཇིག་རྟེན་འདིར་ཆེས་མཛེས་སྡུག་ལྡན་པའི་བྱིས་དུས་ཀྱི་འཚོ་བ་དང་།  བླ་ན་འཕགས་པའི་མི་ཡུལ་གྱི་བྱམས་བརྩེ་ཡིན།
ད་ལྟ་ངས་ལྗང་མདོག་གི་རྩེད་ར་མཐོང་ཐེངས་རེར་དབང་མེད་དུ་དྲིན་ཆེན་གྱི་ཕ་མ་གཉིས་སྟེ།   སྤོ་བོ་དང་རྨོ་བོའི་བྱམས་བརྩེའི་ཕྱུག་པའི་སྐུ་གཟུགས་དང་བསླབ་བྱ་དག་དྲན་ཞིང་། རང་ཚུགས་མེད་པའི་མིག་ཆུ་རྡོག་པོ་མཁུར་ཚོས་བརྒྱུད་ནས་མར་ལྷུང་འགྲོ་ཞིང་སྔར་བྱས་དག་ལ་ནོངས་འགྱོད་ཆེན་པོ་སྐྱེས།   འོན་ཀྱང་།  ཕྱིར་འོང་མེད་པའི་ལོ་ཟླས་མི་སེམས་མི་རྟོགས་ཤིང་།  མཚར་སྡུག་གི་འཆར་ཡན་ནི་ནམ་ཡང་འཆར་ཡན་ཡིན་པས་མངོན་འགྱུར་བྱེད་མི་སྲིད།   བྱིས་དུས་ཀྱི་འཚོ་བའང་ངའི་མི་ཚེའི་ཁྲོད་ཆེས་མཛེས་སྡུག་ལྡན་པའི་རྨི་ལམ་ཐེངས་ཤིག་ལྟར་ཕྱིར་དྲན་མ་གཏོགས་ཚང་མ་ཡལ་འགྲོ་ཞིང་།  ཚང་མ་ཕྱིར་འོང་མེད་པའི་གནའ་བོའི་ལྗང་མདོག་གི་རྩེད་ར་ཅིག་ཏུ་གྱུར་འདུག
  • ལེ་ཚན་སྔོན་མ།:ང་ནི་སྐར་ཕྲན་ཞིག་ཡིན།
  • ལེ་ཚན་རྗེས་མ།: རྡོ་ཁང་གོང་མ །