འབོལ་ཁྲི་སེར་པོ།

སྨན་བླ་སྐྱབས།        2011-05-24

                                   ༡
  དགུང་གི་ཁྲི་གདུགས་ཉི་མ་ནོར་བུ་གླིང་གའི་ལྟད་མོར་ངོ་མཚར་བའམ།ཞོ་སྟོན་གྱི་ཆང་གིས་མྱོས་པ་ལྟར།ཞལ་དཀྱིལ་དམར་ལམ་མེར་ནུབ་རིའི་ཕྲག་པ་ན་ཕྱི་མིག་ལྟ་བ་དང་འདྲ།ནུབ་ཁའི་ཉི་འོད་མལ་ཤག་གི་སྒེའུ་ཁུང་ལས་སྐལ་བཟང་གི་སྔས་ལ་ཕོག་འོངས།ཁོ་རང་ད་དུང་མལ་ཁྲིའི་སྟེང་དུ་འགྲེ་ལྡོག་རྒྱག་བཞིན“ངུ་མ་དགོད་ཀྱི་སྣང་ཚུལ་ནི་འདི་ལྟ་བུ་ཞིག་ཨེ་ཡིན།”སྙམ་ཞིང་། སྔས་འོག་གི་འཕྲིན་ཡིག་དེ་བཏོན་ནས་ཡང་བསྐྱར་ཀློག་གིན་འདུག
  “བྲོ་ཚོགས་ལ་འགྲོ་རྒྱུ་མིན་ནམ། ཁྱོད་ཀྱིས་ཞོ་སྟོན་དང་སྐར་མ་རི་ཥྀའི་ཁྲུས་ཀྱི་དུས་ཆེན་ལས་སྐྱིད་པོ་ཞིག་མི་འདུག་ཟེར་བ་མིན་ནམ།”ཆུང་མ་པད་མ་གཡུ་སྒྲོན་གྱིས་ཕྱུ་བ་ལེགས་པར་གྱོ ན་རྗེས་མེ་ལོང་གི་མདུན་དུ་སྨིན་མ་འབྲི་བཞིན་ཁ་ཕྱིར་འཁོར་ཏེ་དེ་སྐད་སྨྲས།
  ངོ་མ་ངུ་མ་དགོད་ཀྱི་ངང་ཚུལ་ལས་མ་འདས།
  “ཁ་བ་མར་མར་འབབ་དུས།།   ཕ་ཡུལ་ཡིད་ལ་འཁོར་བྱུང་།།”
  “……”
  ཁྱིམ་མཚེས་ཀྱི་སྒྲ་འབེབས་འཁོར་ལོ་ལས་སྙན་ཞིང་འཇེབས་པའི་གླུ་དབྱངས་དེ་འགྱུར་ཁུགས་ལྡན་པའི་སྒོ་ནས་གྲགས་བྱུང་།
  ཁྱོད་དངོས་གནས་བྲོ་ཚོགས་ལ་འགྲོ་རྒྱུ་མིན་ནམ།ཞེས་ཁོ་མོས་ནན་གྱིས་བསྐུལ།
  “འགྲོ། གཡུ་སྒྲོན་ལགས།“ཆ་མི་འགྲིག་པའི་ལྷམ”ཞེས་པའི་སྒྲུང་གཏམ་ཞིག་ངས་ཁྱོད་ལ་བསྟན་མྱོང་ངམ།”
  “བསྟན་མྱོང་། ག་རེ་རེད།”
  “… …”

           ༢
  ཉིན་དེར་ཕ་ཡུལ་ནས་འབྱོར་བའི་མཇལ་བ་ནི་སྐལ་བཟང་གི་སྤོ་བོ་ནོར་བུ་དང་།  ཨ་ཁུ་བསྟན་སྐྱོང་བཟའ་ཟླ་གཉིས་རེད།  ཁོ་ཚོ་ཉི་མ་ལྷ་ས་ནས་ཐོག་མར་འཕྲད་དུས།  ཕན་ཚུན་འཐམ་འཁྱུད་བྱེད་པ་ཙམ་ལས་ཁམས་བདེའི་འཚམས་འདྲི་ཞིག་ཀྱང་ངག་ལས་མ་ཐོན།
  བར་སྐོར་ནས་ཕྱིར་འབུད་སྐབས།  ཇོ་ཁང་གི་སྒོ་བརྒྱབ་ཟིན་པས་ཡིན་ནམ་ཅི་སྟེ་སྤོ་བོ་ནོར་བུ་ཁམས་མི་དྭངས་པ་ལྟར་འདུག  ཨ་ནེ་ལྷ་མོས་སློག་པའི་ཐུ་སྣེ་ལག་ལ་བཟུང་སྟེ།  རང་གི་ཁྱོ་བོ་འབོར་བར་དོགས་པ་ལྟར་ཨ་ཁུ་བསྟན་སྐྱོང་གི་རྗེས་སུ་དམ་པོར་འབྲང་བཞིན་མ་ཎི་ཟློ་ཞིང་།  ཨ་ཁུ་བསྟན་སྐྱོང་གིས་མིག་གིས་མཐོང་ཚད་ཐམས་ཅད་“འདི་གང་རེད”དང་།   “དེ་ཅི་རེད”ཟེར་ནས་དྲི་བ་ཕྲེང་རྡོག་འདྲེན་འདྲེན་བྱས།
  “ཡ་སྐལ་ལོ།  འོ་ན་ཨ་ཁུ་ཀླུ་འབུམ་གྱི་རྡོ་བ་གང་ན་ཡོད།”
  “ཨ་ཁུ་ཀླུ་འབུམ།  རྡོ་བ།  འདིས་ཅི་ཟེར། ”ཁོས་ཧ་མ་གོ་བ་འདྲ།
  “ཀླུ་འབུམ་མི་རྒོད་མི་རེད།  རྡོ་ཡི་རྒྱལ་མཚན་རྡོ་རེད།  མགོ་ལ་རྒྱལ་མཚན་བཙུགས་པ།  སྐྱེ་བ་སྔོན་གྱི་ལས་རེད།
ཟེར་བ་དེ་ཡང་ཐོས་མ་མྱོང་ངམ།  ཧ་ཧ་ཧ།  ”ཁོང་དགོད་ཞོར་དུ་སྐལ་བཟང་གི་གཉའ་བར་ཐལ་ལྕག་ཡང་མོ་ཞིག་གཞུས།
  “ཨོ།རེད་རེད།  རྡོ་ལོག་དེ་འབྲས་སྤུངས་ན་ཡོད་པ་རེད།”
  “ཨ།རྡོ་ལོག”ཁོང་ཚོ་ཚང་མ་གད་མོ་ཤོར།
  “ངོ་མ་བུ་རྒོད་པོ་ཟེར་བ་ས་མདོའི་མི་རྒོད་རེད།‘མི་ལས་ཅན་སྐྱེ་ས་དབུས་གཙང་ཡིན། བུ་དཔའ་བོ་སྐྱེ་ས་ཨ་མདོ་ཡིན’ཟེར་བ་ལྟར།གནའ་མི་ཚོས་བཤད་ན… …”ཞེས་ཨ་ཁུ་བསྟན་སྐྱོང་གིས་བཤད་ཞོར་དང་འགྲོ་ཞོར་དུ་གཡས་གཡོན་གྱིས་ལྟད་མོ་རྣམས་ཀྱང་མིག་གིས་ནོན་པར་བྱེད། སྤོ་བོ་ནོར་བུས“ལོས་བདེན”དང “ལོས་ཡིན”བརྩེགས་ནས་བདེན་ཁ་སྟེར། སྐལ་བཟང་གིས་ཡུལ་མི་ཚོའི་བྱ་བྱེད་ལ་ལྟ་བཞིན། མིག་ལམ་གྱི་ཡོད་ཚད་ཡིད་དུ་འོང་བའི་སྣང་བ་སྟེར། ཁོས་ཨ་ཁུ་བསྟན་སྐྱོང་ཁ་མཚར་རྩེད་མོ་ལ་མཁས་པ་དང་། ཁོང་གི་ལུས་ཕུང་རིད་པའི་ཆ་ནས་སྡེ་བའི་ནང་གི་མི་རྣམས་ཀྱིས་ཁོང་ལ“བསྟན་གྱོ ང་ཙིག་ཁ”ཞེས་པའི་མཚང་མིང་བཏགས་ཡོད་ཅིང་། སྔོན་ཆད་སྤོ་བོས་གཡུ་སྒྲོན་ཆུང་མར་ལེན་པར་བཀག་འགོག་བྱས་པ་སོགས་ཡིད་ལ་འཁོར་བས་རང་དབང་མེད་པར་ཁོང་འཛུམ་ཞིག་ཤོར།
  “ཨ་མ་རྒན་མོས་ཁྱོད་དྲན་ནས་རྒྱུན་དུ་ཁྱོད་རང་གཅིག་པུ་གླེང་གིན་འདུག”སྤོ་བོ་ནོར་བུས་ཨ་ཁུ་བསྟན་སྐྱོང་གི་ཚིག་རྔ་ཕྲོགས།
  “འཇིག་རྟེན་འདིར་ཨ་མར་མི་སྐྱེ་བར་སྨོན། ད་ཡང་ཁྱོད་རྒྱ་ཁོག་ན་ཡོད་དུས་དང་ཨ་ན་མ་ན་རེད། ”ཁོས་དབུགས་རིང་ཞིག་དང་མཉམ་དུ་ཕྲེང་བ་ལག་མགོར་དཀྲིས་རྗེས། “དབྱར་ཞོ་ཁ་ལ་རེག་དུས་དང་ལུག་གི་སུག་བཞི་འཁྱིག་དུས་ཁྱོད་མི་གླེང་བའི་དུས་ཤིག་མི་འདུག”ཟེར་བཞིན་ཁོང་གིས་དཔྲལ་བར་མདུད་ལོག་ཅིག་བརྒྱབ་བྱུང་། སྐལ་བཟང་གི་ཡིད་ལ་ཨ་མའི་ཞལ་རས་ཝ་ལེར་ཤར་ཞིང་། ཨ་མའི་བཀའ་དྲིན་དྲན་བཞིན་མིག་ཟུང་མཆི་མས་བརླན་པ་སྤོ་བོས་མཐོང་སྟེ།“སྐལ་བཟང་། ཁྱོད་རང་ཆུང་དུས་ནས་ལང་ཤོར་དུ་བཏང་བས། པེ་ཅིན་ལ་འགྲོ་དུས་མ་ཁོགས།  ཕྱིས་སུ་ཡང་ཨུ་ཚུགས་བྱས་ནས་ལྷ་སར་ཤོར། བྱ་རྒས་ཚང་དང་མི་རྒས་ཡུལ་ཟེར་ཡ་བཞིན་མཐའ་གཞུག་ཅིག་ལ་ཕ་ཡུལ་ལ་བསྙེག་རྒྱུ་ལོས་ཡིན་མོད།  དེ་དུས་ང…  …”སྤོ་བོའི་མགྲིན་པ་བརྣངས་ནས་ཚིག་རྔ་ངག་ལས་མ་ཐོན།
  “འོ་རེད་ཡ།”ཨ་ཁུ་བསྟན་སྐྱོང་ལ་སླར་ཡང་གཏམ་གླེང་གི་གོ་སྐབས་ཐོབ།
  “ད་ལྟ་ལོ་ན་གཞོན་དུས་གང་དུ་བསྡད་ཀྱང་སྐྱིད་མོད།  ཕ་མ་སྙིང་རེ་རྗེ།  ཁོང་ཚོའི་སེམས་སུ་ཤ་ལས་མཆེད་པའི་བུ་ཆུང་དང་སྲུང་འཁོར་ཞིག་ལ་ཁྱད་པར་ཅི་ཡོད། ”ཁོང་གློ་བུར་དུ་ཁ་ཕྱིར་འཁོར་ནས་ཇོ་ཁང་ལ་ཐལ་མོ་ཞིག་རྦུར་བ་དང་མཉམ་དུ། “ཡ་སྐལ་ལོ། ལྷ་སའི་མོ་མགོ་མཐོ་ཟེར་བ་བདེན་པ་ཡིནནམ། ཁྱོད་ཀྱི་ཆུང་མ་དེ་བཙན་པོ་ཞིག་ཨེ་རེད།”
  “…  …”
  ཨ་ནེ་ལྷ་མཚོས་མིག་བརྡ་ཞིག་བཏང་བས་སྐད་ཆ་དེའི་མཇུག་བསྡུས་སོང་།

          ༣
  བོད་ལ་སྤྱི་སྐད་ཅིག་མེད་ན་དངོས་གནས་ཁག་པོ་རེད།
  སྐབས་དེར་ངེད་གཉིས་ཆང་ས་མ་བརྒྱབ་པ་ཡིན་ན་ཅི་མ་རུང་། “ཨ་མདོའི་མནའ་མས་སྤོ་བོ་ཁྱིམ་ནས་བསྐྲད་སོང་།  ལྷ་སའི་བུ་མོར་བརྩི་བཀུར་མི་འདུག…  …”ད་ཇི་ལྟར་ལབ་ཀྱང་ལབ་ཆོག་ཆོག་རེད།  གང་ལྟར་མི་ཁ་ཚ་བོ་ཞིག་ཁུར་ཚར། ཨ་ཙི།  སྤོ་བོ་དང་མཇལ་བ་ཚོ་གང་ལ་ཕེབས་སོང་བ་ཡིན་ནམ།  ཁོང་ཚོ་གཙང་ལ་ཕེབས་པ་ཡིན་ནའང་ཉི་མ་འདི་འདྲ་མང་པོ་འགོར་དོན་མི་འདུག  བོད་ལ་སྤྱི་སྐད་ཅིག་མེད་ན།  སྔར་སྤོ་བོ་ལགས་ཀྱིས་གསུངས་པ་བདེན་འདུག
དངོས་གནས་ཨ་མདོའི་བུ་མོ་ཞིག་བཙལ་ཡོད་རྒྱུ་ན།  འདི་འདྲའི་མི་ཁ་ཚ་བོ་ཞིག་འཁུར་དགོས་དོན་མེད་ལ།  ང་རང་པེ་ཅིན་ལ་སློབ་སྦྱོང་དུ་སོང་མེད་ན།  ཁྱོད་དང་ཡང་འཕྲད་མི་སྲིད།  གཙོ་བོ་ཁྱོད་རང་ལན་པ་རེད།  ཁྱིམ་ལ་སླེབས་མ་ཐག་སྤོ་བོ་དང་འགྲུལ་བ་རེ་རེ་བཞིན་ངོ་སྤྲོད་བྱས་པས་ད་གཟོད་ཚིག་དེ་ཤོར་སོང་།“བསྟན་སྐྱོང་།”དང“བསྟན་གྱོ ང་།”ལྷ་སའི་ཁ་སྐད་དུ་ཁྱད་པར་ཆེར་མི་འདུག་མོད།  སྐབས་དེར་ཁོང་ཚོ་ཚང་མ་ཧ་ལས་ཚུལ་མཐོང་བས་ང་ཡང་དོགས་མི་བདེ་བ་ཞིག་བྱུང་། ད་དེ་ཚོར་འདང་བརྒྱབ་ཀྱང་འཕྱིས་འདུག གཙོ་བོ་ཁོ་ཚོ་ངེད་ཚང་ནས་ཞག་བཞུགས་མི་གནང་བའི་གནད་གང་ལ་ཐུག་པ་ཡིན་ནམ། “རྒན་བསྟན་གྱོ ང(སྐྱོང) ལགས་བཞུགས་གདན་འཇགས། ”“ཧིན”འགྲོ་ཁར་ སྤོ་བོ་ལགས་ཀྱིས་གསུངས་པའི་གཏམ་དཔེ་དེ་ཅི་རེད། ན་རོ་སྐྱིད་ལ་ཁྲི་ཐོག་གྱིས། ཞབས་ཀྱུ་སྡུག་ལ་གདན་ཐོག་བྱེད། ”ལོས་ཡིན། མཚང་མིང་། བོད་ལ་སྤྱི་སྐད་ཅིག་མེད་ན……

         ༤
  ཕ་ཡུལ་ནས་བསྐུར་ཡོང་བའི་འཕྲིན་ཡིག་རིང་རྒྱུ་མི་འདུག
  སྙིང་གི་བུ་ཆུང་སྐལ་བཟང་ལ།      ཕ་རྒན་བྱམས་པས་སྤྲིངས་དོན།
        ཨ་ཕ་དང་མཇལ་བ་ཚོ་བདེ་བའི་ངང་ཕ་ཡུལ་དུ་འབྱོར།  ཁྱོད་ཀྱིང་ལུས་ཁམས་བདེ་ཞིང་མནའ་མའི་མོ་སྒོ་འདྲ་པར་ལས་ཀྱང་ཡག་ཚུལ་ཐོས་པས་ཡུལ་མི་ཉེ་འབྲེལ་ཐམས་ཅད་དགའ་ཡོད།  ཁོ་ཚོ་ཁྱོད་ཀྱི་ཁྱིམ་དུ་མ་བསྡད་པ་ལ་ཡང་རྒྱུ་མཚན་མེད་པ་ག་ལ་ཡིན།  དབུས་ལྷ་ལྡན་ལ་ལན་གཅིག་འགྲོ་རྒྱུ་དེ་ནི་འཇིག་རྟེན་ཪྙིང་བར་མཚོན་ན་བསམ་ཡུལ་ལས་འདས་པའི་དོན་ཞིག་རེད།  དེ་རུ་གཞི་འདུག་བྱེད་ཐུབ་པ་ནི་ལས་བསོད་ནམས་ཅན་ཏེ།  མ་ཎི་ཚར་གཅིག་འདོན་མི་ཐུབ་རུང་ལས་ངན་པ་བསགས་མི་རུང་།  ཁྱོད་ཀྱི་བྱ་བ་སྤྱོད་པ་ཚང་མ་བཤད་པས་ང་ཚོས་སེམས་ཁུར་མི་བྱེད་ཀ་མེད་བྱུང་།  ལྷ་ས་ཆོས་འཁོར་གླིང་དུ་བསྡད་དེ།“བླ་ཆེན་སྤྲུལ་སྐུ་བཞུགས་སའི་བཞུགས་ཁྲི་སེར་པོ་འདུག་སྟེགས་བྱས་འདུག་ཟེར་བ་གོ་ནས…   …”ཞེས་པའི་མཚམས་སུ་སླེབས་སྐབས་སྐལ་བཟང་གིས་གློ་བུར་དུ་ཅི་ཞིག་རྟོགས་པ་ལྟར་ལག་པས་རང་ཉིད་
ཀྱི་དཔྲལ་བར་རྡེབ་བཞིན“འོ—ངའི་འབོལ་ཁྲི་སེར་པོ་དེ་ཟེར་བ་མ་ཡིན་ནམ”ཞེས་ངག་ལས་ཤོར།

  • ལེ་ཚན་སྔོན་མ།:རི་མགོ་མཐོན་པོའི་ཉི་མ།
  • ལེ་ཚན་རྗེས་མ།: