བཀྲ་བྷ།    སྦྲང་ཆར།    2011-07-14

དགུན་ཁ་བསླེབས་བྱུང་།
དགུན་ཁ་དངོས་འབྲེལ་བསླེབས་བྱུང་།
སུ་ཞིག་གིས་ཀྱང་གདན་མ་དྲངས་རུང་། ཉི་མ་ལྷ་སའི་དགུན་ཁ་དེ་གྲང་ངར་དང་འགྲོགས་ནས་བསླེབས་བྱུང་། རླུང་འཚུབ་དང་འགྲོགས་ནས་བསླེབས་བྱུང། ཚུལ་དེ་སྒྲོལ་མ་ཉི་མ་ལྷ་སར་བསླེབས་དང་དང་གཉིས་སུ་མེད་དེ། མོའང་འདི་ལྟར་བསླེབས་པ་ཡིན།
            འོ། རེད་ལགས།   སྒྲོལ་མ་ནི་མདོ་སྨད་ནས་ཡོང་བ་ཡིན་མོད། དགུན་ཁ་ནི་གང་ཞིག་ནས་གནས་འདིར་བསླེབས་པ་ཡིན་ནམ།
            གང་ལྟར། དགུན་ཁ་བསླེབས་པ་ན། ཡུལ་གྲུ་འདིའི་ཨ་སྔོན་ནི་སྔར་ལྟར་སྔོ་ཞིང་དྭངས་མོད། འོན་ཏེ་སྔོ་ཞིང་དྭངས་པ་དེ་ལས་གྲང་ཤུར་ཤུར་གྱི་ཟིལ་ཤུགས་ཤིག་རྡོལ་བཞིན་ཡོད་པ་དང་། ཉི་མ་ནི་སྔར་ལྟར་མཁའ་ལ་འཕགས་སྲིད་མོད། འོན་ཏེ་ཉི་འོད་ཀྱིས་མུན་པ་སེལ་བ་ལས་ལྷགས་རླུང་གི་རུ་དཔུང་གཏན་ནས་འཇོམས་མི་ནུས། ཚུལ་དེ་སྒྲོལ་མའི་མེ་འཁོར་འཛིན་བྱང་དང་མཚུངས་པ་མིན་ནམ། །
          དུས་སྐབས་འདིར།  ཡུལ་གྲུ་གཞན་གྱི་མི་མང་པོ་ཞིག་གིས་མཐོང་སྣང་གི་ཉི་མ་ལྷ་ས་དང་འཆར་སྒོའི་ཁྲོད་ཀྱི་ཉི་མ་ལྷ་ས་གླེང་བཞིན་རང་ས་རང་ཡུལ་དུ་བསྡད་ཡོད་པས་ན། ཉི་མ་ལྷ་སར་གནས་སྐོར་པ་མང་པོ་མཐོང་ཐུབ་པ་དང་། གོར་མ་རྡོ་ཡི་གྲོང་ཁྱེར་འདིས་ལྷགས་རླུང་ཁྲོད་ན་ལྷོད་ཀྲིག་གེར། འཁྱག་སེབ་བེར། ངལ་དུབ་དང་བཅས་དགུན་ཁའི་རྗེས་ཀྱི་དཔྱིད་ཀ་དང་། དཔྱིད་ཀའི་རྗེས་ཀྱི་དབྱར་ཁ་དེ་ལ་ངང་སྒུག་བྱེད་བཞིན་ཡོད་ལ། དབྱར་གྱི་དུས་སུ། ཡུལ་གྲུ་གཞན་གྱི་མགྲོན་པོ་ནི་ཤྭ་འོད་བརྡོལ་བ་ཇི་བཞིན་བསླེབ་ཡོང་བས། སྒྲོལ་མ་དང་སྒྲོལ་མའི་ཚོགས་པར་མགྲོན་པོ་མང་། ཡོང་འབབ་བཟང་། དེ་དུས་ཁོ་མོ་ཚོར་ཁོམ་པ་གཏན་ནས་མེད།
རླུང་བུ་ལྡོམ་པོ་ཞིག་ནུབ་ནས་ཤར་ལ་ལྡང་བྱུང་།
 འཚུབ་མ་འཁྱམ་པོ་ཞིག་ཀྱང་ནུབ་ནས་ཤར་ལ་ལྡང་བྱུང་།
འཚུབ་མའི་གཟུགས་ནི་སྐྱ་ཡོམ་ཡོམ་བྱེད་པ་དང་། འཚུབ་མའི་ཁྲོད་ཀྱི་གད་སྙིགས་རྣམས་ནི་ལྷབ་ལྷུབ་ཏུ་གཡོ་ཞིང་ཀྱག་ཀྱོག་ཏུ་འདར་བཞིན་གདའ།
  ཞོགས་པའི་རླུང་བུའི་ཁྲོད་དུ། སྒྲོལ་མས་ངོ་གདོང་རླུང་ལ་གཏད་དེ། ཤར་ནས་ནུབ་ལ་འགྲོ་བཞིན་གདའ། མོའི་ལུས་ཀྱི་སྒྲོལ་ལྭ་དམར་པོ་དེ་ཉི་འོད་འོག་ཏུ་དམར་ལམ་ལམ་བྱེད། འོད་ཀྲིག་ཀྲིག་བྱེད།  
  སྒྲོལ་མ་བོད་ལྗོངས་སློབ་གྲྭ་ཆེན་མོའི་བྱང་འགྲམ་ལ་བསླེབས་སྐབས། གླ་འཁོར་ཞིག་མོའི་འགྲམ་ལ་ཡོང་སྟེ། རེ་ལྟོས་དང་བཅས་ཏན་སེར་བསྡད་བྱུང་ལ། ཁ་ལོ་པས་རླུང་བུའི་ཁྲོད་དུ་བུ་མོ་འདི་འདྲ་ཞིག་རྐང་ཐང་ལ་འགྲོ་མི་སྲིད་སྙམ་བཞིན་ཡོད་པ་འདྲ།
 ཁྱེད་གང་ལ་ཕེབས་འདོད་པ་ཡིན་ནམ། སྒྲོལ་མ་རླངས་འཁོར་ལ་བུད་རྗེས། ཁ་ལོ་པས་ཕྱིར་འཁོར་མེད་པར་དེ་ལྟར་དྲིས།
   མེ་འཁོར་ས་ཚིགས།  
  རླངས་འཁོར་ཁ་ལོ་པས་གློ་བུར་ཅི་ཞིག་རྟོགས་སོང་བ་འདྲ། ཁོ་རེ་ཞིག་ལ་ཧད་ནས་བསྡད་བྱུང་།
རླངས་འཁོར་ཤུགས་ཀྱིས་མདུན་ལ་རྒྱུག་གིས་གདའ། མདུན་རོལ་གྱི་དྲ་མིག་གཡས་གཡོན་གཉིས་ལས་རླངས་འཁོར་ནང་རོལ་བསེར་བུ་ལྡང་བཞིན་མཆིས།
བསེར་བུ་འཇམ་པོ་དེ་གྲང་ཤུར་ཤུར་གྱིས་མདུན་ཕྱོགས་ནས་རྒྱབ་ཕྱོགས་སུ་ལྡང་བ་དང་བསྟུན་ནས། སྒྲོལ་མའི་སྣ་ལམ་ལ་དྲི་མ་རྒྱུས་ཡོད་ཅིག་འཁྱུག་བྱུང་། དྲི་མ་ཧ་ཅང་རྒྱུས་ཡོད་ཅིག་བསེར་བུ་དང་འགྲོགས་ནས་ཆི་ལི་ལིར་འཁྱུག་བྱུང་།
  ཁོ་ཡིན་ནམ། དངོས་འབྲེལ་ཁོ་ཡིན་ནམ། སྒྲོལ་མས་ལུས་པོ་མདུན་ལ་སྒུར། མགོ་བོ་གཡས་སུ་དཀྱོགས་ཏེ་ཁ་ལོ་པར་ཞིབ་ལྟ་བྱས།  དངོས་འབྲེལ་ཁོ་རེད། མདང་དགོང་གི་མགྲོན་པོ་དེ་རེད།
   མདང་དགོང་ཁོ་ཡོང་དུས། མདུན་ལ་ལྷགས་རླུང་ཁྱུ་གཅིག་དེད་འདུག་པ་དང། རྗེས་ལ་བསེར་བུ་འཁོར་ཞིག་ཁྲིད་ཡོད་པས། སྒོ་མོའི་ནང་རོལ་བསླེབས་མ་ཐག   ཁང་བའི་ཁྱོན་ཀུན་འཁྱག་སིབ་བེར་སོང་། ཨ་ཨ། ད་དུང་དེ་ཡིས་ག་ལ་ཚད། ཁོའི་ལྭ་བ་ནི་བྱ་བྲུན་གྱི་དྲི་མས་ཡོངས་སུ་སྦགས་འདུག་པ་དང་། ལུས་པོ་ནི་འཁྱག་སྟེ་ཆབ་རོམ་ཁྲོད་ཀྱི་རྡོ་དང་གཉིས་སུ་མེད་པས། སྒྲོལ་མའི་ལུས་ཀྱི་ཆ་ཤས་གང་ཞིག་ལ་མགྲོ་བས་ན། བདེ་བ་མེད་པའི་སྦྱོར་བ་དེ་ལ་འཇུག་སྐབས། ལུས་ཀྱི་མདུན་རོལ་ནི་ལྷགས་རླུང་ཁྲོད་ཀྱི་རྡོ་གཡའ་མ་ཞིག་དང་མཚུངས།
  སྒྲོལ་མ་འུ་ཐུག་སོང་།
  མོས་ནམ་སྨད་ཡོངས་ལ་ལུས་ཀུན་མལ་གོས་ཀྱིས་གཅུན་མོད། ཞོགས་པའི་དུས་སུ་ད་དུང་ལུས་དྲོད་རྒྱས་མི་འདུག    རྒྱས་མི་འདུག   གཏན་ནས་རྒྱས་མི་འདུག   སྐབས་ཤིག་ལ།   སྒྲོལ་མས་གློ་བུར་ཅི་ཞིག་དྲན་སོང་བ་འདྲ། མོས་ཐོག་མར་བརླ་ངོས་ལ་ཐལ་ལྕག་ལན་ཞིག་གཞུས་པ་དང། དེ་ནས་སྐྲ་ལོ་ཟུག་འཐེན་ལན་འགའ་བྱས་རྗེས། དངན་པ་རིང་བོ་ཞིག་ཤུགས་ཀྱིས་འཐེན་ཏེ་ཁ་རོག་གེར་བསྡད་བྱུང་ལ། ཁ་ལོ་པས་དོགས་མི་བདེ་བའི་ངང་ནས་རླངས་འཁོར་ལ་ཁ་ལོ་བསྒྱུར་ཏེ་དལ་གྱིས་མདུན་ལ་སོང་། དལ་གྱིས་མདུན་ལ་སོང་།
        ལྷ་སའི་མེ་འཁོར་ས་ཚིགས་ན་མི་ཧ་ཅང་ཉུང་།
        སྒྲོལ་མས་མེ་འཁོར་འཛིན་བྱང་ཉོས་ཏེ་ཕྱི་ལ་བསླེབས་བྱུང་།
སྒྲོལ་མས་ནམ་རྒྱུན་འཛིན་བྱང་ཉོ་བཞིན་ཡོད་ཀྱང་། མོ་ཕ་ཡུལ་ལ་འགྲོ་མི་ཕོད། འོན་ཏེ་ཕ་ཡུལ་ལ་འགྲོ་འདོད་ཀྱི་འདུན་པ་དེ་གཏན་ནས་འགོག་མི་ནུས།
    སྒྲོལ་མས་མེ་འཁོར་འཛིན་བྱང་དེ་སིལ་བུར་གཤགས་ཏེ་གནམ་ལ་སྤུར་གྲབས་བྱས་མོད། བར་སྣང་གི་རླུང་བུས་སྐྲ་རྩེ་ཙམ་ཡང་སྒུལ་མི་ནུས་པས། མོས་ཤོག་སིལ་བཅངས་ཡོད་པའི་ལག་པ་མཁའ་ལ་ལན་འགའ་གཡུགས་རྗེས། དཔྲལ་ངོས་སུ་གཉེར་ཕྲེང་ཀྱག་ཀྱོག་དུ་མ་བསྡུས་ཏེ་ནམ་མཁར་ཅེར་ནས་བསྡད།
    འདི་ནི་ཅི་ཞིག་ཡིན་ནམ། དེ་རིང་གི་མཁའ་དབུགས་དཀག་སོང་བ་ཡིན་ནམ། ཞོགས་པའི་རླུང་བུ་འཁྱག་པོ་དེ་གང་ཞིག་ལ་བྲོས་སོང་ངམ།
    མེ་འཁོར་གྱི་འཛིན་བྱང་གཤགས་ཏེ་རླུང་ལ་སྤུར་བ་ནི། སྒྲོལ་མ་ཕ་ཡུལ་ལོག་པའི་མཚོན་བྱེད་ཅིག་ཡིན་ལ། མོས་ཟླ་རེར་ལན་རེ་སྤུར་བཞིན་ཡོད། འོན་ཀྱང་ཏེ་དེ་རིང་སྤུར་ཐབས་མི་འདུག 
སྒྲོལ་མས་རླུང་བུ་ལ་བསྒུག་དགོས་བྱུང་།
ལྷ་སའི་མེ་འཁོར་ས་ཚིགས་ནས་བྱང་ལ་བལྟས་ན། འབྲས་སྤུངས་དགོན་པ་མཐོང་ཡོད།
རེད་འབྲས་སྤུངས་དགོན་པ།
གནའ་སྔ་མོ་སྔ་མོ་ཞིག་ལ། མདོ་སྨད་ཡུལ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ཟེར་བའི་སྐྱེས་ཆེན་དམ་པ་ཞིག་འཁྲུངས། ཁོང་ཉིད་ལྷ་ལྡན་དག་པའི་ཞིང་ལ་ཕེབས་རྗེས། མཚན་ལྡན་བླ་མའི་ཞབས་ལ་བཏུགས་ཏེ་ཤེས་བྱ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དང་། གངས་ཅན་མཁས་པའི་གཙུག་རྒྱན་དུ་གྱུར་པ་ན། དགའ་ལྡན་དགོན་པ་བཏབ་སྟེ་མཛད་རྗེས་བླ་ན་མེད་པ་བཞག    ཁོང་གི་སློབ་མས་སེ་ར་དང་འབྲས་སྤུངས་གཉིས་ཀ་བཏབ།
  ང་ལ་ཅི་བྱུང་། ཕ་ཡུལ་མདོ་སྨད་ཡིན་པ་འདྲ་འདྲ་ཡིན།
  ངས་ཅི་བྱས། ཆུང་དུས་སློབ་གྲྭར་འགྲོ་བའི་གོ་སྐབས་བྱུང་ལ། སྙན་ངག་ཀྱང་ཡག་པོ་ཞིག་འབྲི་ཤེས་མོད། མཐོ་འབྲིང་གཉིས་པའི་སྐབས་སུ། སྙན་ངག་པ་འགའ་ལ་འགྲོགས་ཏེ་ཆང་ལ་རོལ་སྐབས་མངལ་སྦྲུམ་སོང་བས། གསང་སྟབས་ཀྱིས་ས་མཐར་མི་འཁྱམ་ཐབས་མེད་བྱུང་།
   ངས་ཅི་ནུས། ང་ལ་ལང་ཚོ་ཞིག་དང་། ལུས་པོ་སྟེ་མི་ཤ་རེངས་པོ་ཞིག་ལས་ཅི་ཡང་མེད། ཅི་ཡང་མེད།
   གལ་ཏེ།  གལ་ཏེ་ངའི་གནས་ཚུལ་ཐམས་ཅད་ཡུལ་མི་རྣམས་ཀྱིས་གོ་ཡོད་ན། ང་ཕ་ཡུལ་ལ་ལོག་ཐབས་གཏན་ནས་མེད་པ་དང་། ཕ་མ་གཉིས་ཀའང་ཕ་ཡུལ་ནས་འདུག་ཐབས་བྲལ།
  ཕ་མ་དང་ཉེ་དུ་རྣམས་བདེ་འཚམས་ཡིན་ནམ། ལོ་གཉིས་དང་ཉི་མ་བཅོ་ལྔའི་རིང་ལ་ཁོ་ཚོའི་གནས་ཚུལ་གཏན་ནས་མ་གོ  གཏན་ནས་མ་གོ
   ཁྲིན་ཏུའུ་ནས་ལམ་ལ་ཆས་པའི་མེ་འཁོར་དེ་བསླེབས་བྱུང་།
   མེ་འཁོར་བསླེབས་པ་ན། ལྷ་སའི་མེ་འཁོར་ས་ཚིགས་སུ། མི་ཚོགས་ནི་སླར་ཡང་ཆུ་རྒྱུན་ལྟར་བཞུར་བྱུང་།
 སྒྲོལ་མས་མི་ཚོགས་ཁྲོད་ནས་གཞོན་ནུ་ཞིག་མཐོང་བྱུང་།
གཞོན་ནུ་དེའི་བཞིན་གྱི་རྣམ་པ། ལུས་ཀྱི་ཚུགས་ཀ    ལམ་དུ་འགྲོ་ཚུལ་ཐམས་ཅད་ནི་སྒྲོལ་མའི་ཕུ་བོ་དང་གཉིས་སུ་མེད།
སྒྲོ་ལ་མ་གཞོན་ནུ་དེ་ལ་ཧད་འདུག་སྐབས། འཚུབ་མ་ཆུང་ཆུང་ཞིག་སྐྱ་ཡོ་རེར། ཤུགས་ཀྱིས་འཁོར་བཞིན་མོའི་གམ་ལ་བསླེབས་བྱུང་། སྐབས་དེར། མོས་མྱུར་སྟབས་ཀྱིས་ཤོག་སིལ་རྣམས་འཚུབ་མའི་ཁྲོད་གཏོར་བ་ན། ཤོག་སིལ་རྣམས་ནི་དཀར་ཁྱུག་ཁྱུག་ཏུ་གཡོ་བཞིན། ཁྲ་ལྷམ་མེར་འདར་བཞིན་ཤར་གྱི་ཕྱོགས་ལ་དལ་བ་དལ་བུར་འཕུར་སོང་། དལ་བ་དལ་བུར་འཕུར་སོང་ལགས།
   ཚུལ་དེ་མཐོང་བ་ན། སྒྲོལ་མའི་ཡིད་ལ་ཐོག་མར་དགའ་སྣང་འཕོས་བྱུང་། དེ་དང་མཐུད་ནས་སྡུག་སྣང་ཞིག་ཀྱང་སྐྱེས་བྱུང་། དེའི་རྗེས་སུ་ཡིད་སེམས་བློང་བློང་བོར་ལངས་ནས་སྡོད་པ་ལས་ཚོར་སྣང་དང་འཆར་སྒོ་ཅི་ཡང་མེད་པར་གྱུར།
  ནམ་མཁའ་སྤྲིན་གྱིས་བསྒྲིབས་པ་ན། ཉི་མ་ལྷ་སར་ཉི་འོད་མེད་པའི་ཉིན་མོ་ཞིག་བསླེབས་སོང་། སྐབས་དེར། གྲོང་ཁྱེར་ཉེ་འཁོར་གྱི་རི་སྐྱ་བོ་རྣམས་ཀྱིས་གྲིབ་མའི་གོས་ནག་གྱོན་ཏེ་སྨུག་ཡོམ་མེར་འགྱིང་འདུག་པ་དང་། པོ་ཏ་ལས་ཀྱང་གཟི་ཉམས་སྤངས་ཏེ་བརྗིད་ཉམས་སྨུག་པོ་ཞིག་བསྟན་འོང་།
 ཉིན་གུང་གི་སྐབས་སུ། སྒྲོལ་མ་སེ་ར་ལམ་ན་མདུན་དུ་འགྲོ་བཞིན་ཡོད་ལ། སྒྲོ་ལྭ་དམར་པོའི་ནང་རོལ་གྱི་ལུས་པོ་དེ་གོམ་པའི་འགྲོས་དང་བསྟུན་ནས་གཡོས་ཚེ། དར་གོས་ཡུག་གཅིག་རླུང་གིས་འདེད་བཞིན་པ་དང་མཚུངས།།
སྐབས་ཤིག་ལ། མོས་གཞུང་ལམ་བསྐྱུར་ཏེ་སྲང་ལམ་ཞིག་དེད་བྱུང་།
སྲང་ལམ་དོག་མོ་དེའི་ལམ་མདོ་རུ། སྐབས་ཤ་འཚོང་མཁན་གྱི་འབྲོག་པ་ཞིག་ཡོད་ལ། འབྲོག་པ་དེའི་བཞིན་གྱི་རྣམ་པ། ལུས་ཀྱི་ཚུགས་ཀ      སྐད་ཆ་འཆད་སྐབས་ཀྱི་ཉམས་འགྱུར་ནི་སྒྲོལ་མའི་ཨ་ཕ་དང་གཉིས་སུ་མེད།
  སྒྲོལ་མས་ཕ་མ་དྲན་དུས། འབྲོག་པ་དེའི་གམ་ལ་ཡོང་ནས་ཤ་ཉོས་པ་ཡིན།
སྒྲོལ་མས་ཕ་ཡུལ་དྲན་དུས། འབྲོག་པ་དེའི་གམ་ལ་ཡོང་ནས་ཤ་ཉོས་པ་ཡིན།
རྗེས་སུ། སྒྲོལ་མས་སྐམས་ཤ་ཉོ་ཐེངས་རེར། འབྲོག་པ་དེ་ལ་སྒོར་མོ་བརྒྱ་ལེགས་སྐྱེས་སུ་འབུལ་བཞིན་ཡོད།
འབྲོག་པས་རྒྱུ་མཚན་ཕུགས་འདྲི་གཏིང་འདྲི་བྱས་པ་ན། སྒྲོལ་མ་འུ་ཐུག་སྟེ་ཁྱེད་ཀྱི་སྐུ་གཟུགས་བདག་གི་ཨ་ཕ་མཐོང་བ་དང་མཚུངས་ཞེས་བཤད་སོང་།
   ཐོག་མར་འབྲོག་པ་དེ་དོགས་མི་བདེ་མོད། རིམ་གྱིས་ཡིད་སེམས་བདེ་ལ་བབས། རིམ་གྱིས་སྒྲོལ་མ་ལ་བརྩེ་སེམས་ཐུན་མོང་མ་ཡིན་པ་ཞིག་ཆགས་ཏེ། རང་ལ་འདི་ལྟ་བུའི་བུ་མོ་ཡ་རབས་ཤིག་ཡོད་ན་ཅི་མ་རུང་སྙམ་བཞིན་ཡོད།
དེ་རིང་། ཤ་ཉོ་མཁན་གཅིག་ཀྱང་མེད།
ཨ་ཁུ་ལགས། སྐུ་གཟུགས་བདེ་མོ་ཡིན་ནམ། སྒྲོལ་མས་དགའ་ལྷང་ལྷང་གིས་དེ་ལྟར་དྲིས།
འོ་སྒྲོལ་མ་ལགས། ཁྱེད་ཕེབས་བྱུང་ངམ། འབྲོག་པས་དགའ་སྤྲོ་དང་བཅས་དེ་ལྟར་བཤད། ཨ་ཁུ་ལགས། དེ་རིང་ཤ་ཉོ་མཁན་མང་པོ་མི་འདུག་གམ། 
དེ་རིང་གནམ་གཤིས་སྐྱོ་བོ་ཞེ་དྲག་རེད།  ཤ་ཉོ་མཁན་མང་པོ་མི་འདུག
སྒྲོལ་མས་འབྲོག་པའི་གདོང་ལ་ཅེར་ཏེ། ཁ་རོག་གེར། འཛུམ་གྱི་ལེར་ཁོའི་ཅི་བཤད་ལ་ཉན་ནས་བསྡད།
སྒྲོལ་མའི་གདོང་ལ་ལྷགས་པས་གཙེས་ཏེ་དམར་ལམ་ལམ་བྱེད།  སྒྲོལ་མའི་ཡིད་སེམས་འབྲོག་པའི་བཞིན། འབྲོག་པའི་ལུས། འབྲོག་པའི་གཏམ་གྱིས་བསྲོས་ཏེ་དྲོད་ལམ་ལམ་བྱེད།
སྐབས་ཤིག་ལ། སྒྲོལ་མའི་མིག་ཟུང་དུ་མཆི་མ་དྲོན་མོ་ཞིག་དལ་གྱིས་འཁྱིལ་སོང་།
མུན་རུབ་སོང་།
མུན་རབ་སོང་རུང་། གློག་སྒྲོན་གྱི་མཐུ་སྟོབས་ལ་བརྟེན་ནས། ཉི་མ་ལྷ་སའི་མཛེས་སྡུག་ལ་བཀྲག་མདངས་གསར་བ་ཞིག་རྒྱས་འདུག
མུན་རུབ་ནའང་། ཉི་མ་ལྷ་སའི་མི་རྣམས་མཚན་མོའི་འཚོ་བར་ཞེན་པས། སྔ་མོར་མལ་གྱི་བདེ་བར་རོལ་མི་སྲིད། གཟིགས་དང་། གཞུང་ལམ་དུ་རླངས་འཁོར་བཞུར་གྱིན་གདའ། ནང་མ་རུ་གླུ་སྐད་མཆེད་ཀྱིན་གདའ།སྲང་ལམ་དུ་གོམ་སྒྲ་འཁྲུག་གིན་གདའ།
སྐབས་འདིར། སྒྲོལ་མས་གློག་ཐབ་འགྲམ་དུ་ཤ་འཚོད་བཞིན་ཡོད་ལ། མོའི་འདུག་གྲོགས་བུ་མོ་དེས་གྱོན་གོས་འཁྲུད་བཞིན་གདའ།
 ནམ་རྒྱུན་ཡིན་ན།   དུས་སྐབས་འདི་ནི་མགྲོན་མོ་ཆེས་མང་བའི་དུས་ཡིན་པས། བཟའ་བཏུང་གཡོ་སྐོལ་བྱེད་པ་དང་གྱོན་གོས་འཁྲུད་པའི་ཁོམ་པ་མེད་མོད། ད་ལོ་ཉི་མ་ལྷ་སར་འཆལ་ས་གཉེར་མཁན་ལ་རྡུང་རྡེག་ཏན་ཏིག་བྱས་པས། སྒྲོལ་མ་དང་གྲོགས་མོ་གཉིས་ཀ་ལམ་འགྲམ་གྱི་ཁང་མིག་དེར་སྡོད་ཐབས་བྲལ་ཏེ། ལྷ་ཀླུ་ཟམ་པའི་མར་གཤམ་དུ་དམངས་ཁང་ཞིག་གླས་ནས་བསྡད་ཡོད། ད་སྐབས་ཁོ་གཉིས་ཀའི་ཁ་པར་ཨང་གྲངས་ཡོད་མཁན་དང་། དེ་དག་གིས་མཚམས་སྦྱོར་བྱས་པའི་མགྲོན་པོས་མ་གཏོགས་མོ་གཉིས་མི་རྙེད་པས། གནས་སྐབས་སུ་བདེ་འཇགས་ཡིན། མགྲོན་པོ་ཉུང་། ཁོམ་པའང་ཡོད།
སྐབས་ཤིག་ལ། ཁང་བའི་སྒོ་མོ་དལ་གྱིས་བརྡུངས་བྱུང་།
སྒྲོལ་མས་སྐད་ཆ་ཅི་ཞིག་བཤད་པར་གྲ་སྒྲིག་བཟང་པོ་བྱས་ཏེ་ཁང་སྒོ་ཕྱེ།
མགྲོན་པོ་སྒོ་མོའི་ནང་རོལ་ལ་བསླེབས་མ་ཐག    མོ་སྐད་ཅིག་ཉིད་ལ་ཧ་ལས་ཏེ་ལུས་ཀུན་རེངས་པོར་གྱུར།
མགྲོན་པོ་ནི་སྐྱེས་པ་དར་གཞོན་གཉིས་ཡིན་ལ། དར་མ་གཡོགས་མ་ཁམ་ནག་གྱོན་མཁན་དེས་སྒྲོལ་མ་མཐོང་མ་ཐག   ཁ་གདངས། མིག་ཅེར།    ལུས་པོ་སྦྲིད་དེ་གཟེར་བྲེང་བྲེང་བྱས་པ་དང་ལྷན་དུ། ལག་གི་ཕྲེང་བ་ཤག་སྒྲ་དང་བཅས་ཐང་དུ་ལྷུང་སོང་ལ། ཁོའི་རྒྱབ་ན་ཉེན་རྟོགས་པའི་ལྭ་བ་གྱོན་ཡོད་པའི་གཞོན་ནུ་ཞིག་ཡོད་པ་དེའི་མིག་མཐའ་མཆི་མ་འཁོར་བྱུང་།
འོ།   ད་ཅི་བྱེད།   ཁོ་ཚོས་ད་ནི་ཅི་ཞིག་བྱེད་འོས་སམ།
སྐྱེས་པ་དར་མ་དེ་ནི་སྒྲོལ་མའི་ཨ་ཕ་རེད། ན་གཞོན་ཉེན་རྟོག་པ་དེ་ནི་སྒྲོལ་མའི་ཕུ་བོ་རེད།(རྩོམ་སྒྲིག་འགན་ཁུར་པ་ཨོ་རྒྱན་ཡིན། )
  • ལེ་ཚན་སྔོན་མ།:འབོལ་ཁྲི་སེར་པོ།
  • ལེ་ཚན་རྗེས་མ།:ཨ་ཁུ་རབ་གསལ།