རི་མགོ་མཐོན་པོའི་ཉི་མ།

ཁྱུང་ཐར་རྒྱལ    དགེ་ཆོས་དྲ་བ།    2011-05-24

                     རི་མགོ་མཐོན་པོའི་ཉི་མ།

        ཁོང་ནི་བྱིའུ་ཕྲུག་དམར་རྗེན་ཇི་བཞིན་འཇིག་རྟེན་འདིར་ཐོན་དུས་རུས་དཔོན་གྱི་ཁོའི་མིང་ལ་དགེ་འདུན་ཞེས་བཏགས་ལ།དེ་ཡང་རྒྱུ་མཚན་མེད་པ་ཞིག་མིན་པར་བཤད།ཁོང་གི་མི་ཚེ་ཧྲིལ་བོ་ནི་འདི་འདྲའི་ལེབ་ལེབ་ཅིག་གམ།ཡང་ན་དེ་འདྲའི་ནར་མོ་ཞིག་ཅེས་མཐའ་གཅིག་ཏུ་སྡོམ་ཚིག་བཞག་ནས་བཤད་མི་ཐུབ་པས།གང་ཟག་གི་ཚོད་གང་ཟག་གིས་མི་ཐུབ་པ་ནི་ངོ་མ་རེད།
ཁོང་དགུང་ལོ་བཞི་བཅུར་བསླེབས་དུས་ཁྱིམ་ཚང་གི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཏུ་གྱུར་པ་དང་རྩྭ་ས་རྩོད་གླེང་སོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་བས་ད་གཟོད་འཁོར་བ་ལ་ངེས་འབྱུང་སྐྱེས་ཏེ་རབ་ཏུ་བྱུང་།སྤྲུལ་སྐུ་དགེ་དབང་ཚང་གིས་རབ་བྱུང་གི་མིང་ལ་དགེ་འདུན་བསྟན་པ་རབ་རྒྱས་སུ་བཏགས་ཏེ“དགེ་འདུན།ཁྱོད་འདི་མི་ཚོགས་བསགས་ཤིག་རེད།ཆུང་མ་དང་བྱིས་པ་བསྐྱུར་ནས་བསྟན་པའི་སྒོར་ཞུགས་པ་རང་རེའི་སེམས་ཉིད་ཆོས་རྫོང་ལ་མཚོན་ན་ཐེངས་དང་པོ་ཡིན”ཞེས་གསུངས་པར་མ་ཟད།“ཡར་ལོག་བསྟན་པའི་སྲོག་ཤིང”ཞེས་བསྔགས་བརྗོད་མཛད།
དེ་ནས་བཟུང་ཨ་ཁུ་དགེ་འདུན་གྱི་སྤྱི་ཚོགས་ཀྱི་གོ་གནས་ཀྱང་ཇེ་མཐོར་གྱུར་པ་དང་ཁོང་གི་རྣམ་ཐར་གསར་བའང་མང་བོ་བྱུང་།“ཆོས་འཇིག་རྟེན་གང་གི་ཐད་ནས་བཤད་ཀྱང་།དགེ་ལ་འདུན་པས་དགེ་འདུན་སྟེ།འདི་བ་འཁྲུངས་དུས་མེ་ཏོག་གི་ཆར་བབས།འཇའ་འོད་ཀྱི་གུར་ཕུབ།རོལ་མོའི་སྒྲ་སྙན་པོ་དང་མེ་ཏོག་གི་དྲི་ཞིམ་པོ་བྱུང་།ཡིན་ནའང་།སྐྱེ་བོ་ཕལ་བ་རྣམས་ཀྱི་སྤྱད་ཡུལ་དུ་མ་གྱུར།……”

                                                      གཉིས་པ།

       ཧ་ཅང་དབེན་པའི་གནས་ཞེས་སྨྲས་ན་མི་འགྲིག་ཀྱང་སྡེ་བ་དང་བར་ཐག་ཅུང་ཙམ་རིང་བའི་ཁང་ཆུང་གྲུ་བཞི་ནར་མོ་དེ་ལས་ཏ་མ་རུ་དང་རྔ་སྦུབ་ཀྱི་སྒྲས་ལྷིང་འཇགས་ཀྱི་ཁོར་ཡུག་འདིར་རྒྱུན་དུ་རོལ་དབྱངས་གསར་བ་ཞིག་བསྣན་ཡོད།
 “སྦུབ……སྦུབ……”
 “གདོང་དར་དམར་པོ་ལྷབ་སེ་ལྷབ།། དེ་རིང་འདི་རུ་ལྷ་འདྲེ་ཤོག།……”

        “སྦུབ……སྦུབ……”ཏ་མ་རུའི་སྒྲ་དང་ཁོང་གི་འཛེར་སྐད་གཉིས་དེ་འདྲའི་དོ་མཉམ་པ་ཞིག་མིན་ཡང་།ཕན་ཚུན་ལ་རམ་འདེགས་ཀྱི་ནུས་པ་ཐོན་པས་རྩྭ་ཐང་འདི་གཉིད་ལས་སློང་བའམ།ཡང་ན་བྱིས་པ་གཉིད་འགུགས་ཀྱི་གླུ་ཞིག་དང་འདྲ། ཨ་ཁུ་དགེ་འདུན་དགོན་པའི་ནང་ནས་ཀྱང་མ་བཞུགས་པར་ས་འདིར་ཕེབས་ནས་ལོ་མཚམས་ཤིག་ལ་བཞུགས་པའི་རིང་།ཁོ་ཚོའི་སྡེ་བ་དང་ར་རྒོད་སྟོད་ཚང་གཉིས་ཀྱི་བར་ལ་ཡང་བསྐྱར་རྩྭ་ས་རྩོད་གླེང་གི་དོན་རྐྱེན་ཐེངས་གསུམ་བྱུང་ལ།ཁོང་གིས་ད་ལྟ་མཚོན་ཆ་བཟུང་སྟེ་སྲོག་བསྡོས་བྱེད་མི་དགོས་ནའང་།རྒྱས་བསྡུས་རན་པའི་བསྐང་གསོལ་ཐེངས་གསུམ་བྱས།ད་དུང་ཕག་མོ་གྲངས་མེད་ཅིག་གཟིགས་ཀྱང་ཐིག་པོ་མ་བྱུང་བས་རང་ཉིད་རང་ལ་ཡིད་ཆད་པའམ།ལན་རེར་རང་གི་ལྷ་ལའང་འཁང་ར་ཕྲན་ཙམ་རེ་བྱེད།“ཡང་ཁྱེད་ཚང་ལ་འོ་བརྒྱལ་ཞིག་བྱེད།སྤྱི་བདེ་མི་སྣས་སྡེ་བའི་ནང་གི་མཚོན་ཆ་ཚང་མ་གཞུང་བཞེས་བྱས་སོང་།ད་དུང་ཉོའམ་མི་ཉོ།”ཁོང་གིས་ཙན་དན་གྱི་ཕྲེང་བ་སེན་ཁ་མ་དེ་ཡར་འདེད་མར་འདེད་ཐེངས་འགའ་བྱས་ཤིང“མཚོན་ཆ་ཉོ་བ་ཡིན་མིན་ནི་ཚེ་སྲོག་ལ་ཐུག་པའི་གནད་དོན་ཞིག་རེད།སྲོག་དགོས་ན་མཚོན་ཆ་ཉོ་དགོས།སྲོག་མི་དགོས་ན་མཚོན་ཆ་མ་ཉོས་ཀྱང་མི་སྐྱོན།”ཁོང་གི་ཞལ་གསུང་དེས་སྡེ་དཔོན་ལྷུན་གྲུབ་ལ་རྡོ་ལོག་ལྟ་བུའི་ལན་ཞིག་བྱིན།“བླ་མའི་གསུང”ཟེར་བ་དངོས་གནས་འཁྲུལ་བ་ཞིག་གང་ན་ཡོད།སྲོག་ནི་ངེས་པར་དུ་མཚོན་ཆས་སྲུང་དགོས་པ་དེ་འདྲའི་གནས་ལུགས་ཟབ་མོ་ཞིག་གང་ན་ཡོད་སྙམ།སྡེ་དཔོན་ལྷུན་གྲུབ་ཕྱིར་སོང་ནས་སླར་ཡང་ཁྱིམ་རེས“མཚོན་ཆ་སྤུས་ལེགས་རེ་ཉོ་དགོས་པའི་བཀའ་ཕབ།ལྐོག་ཚོང་མཁན་རུས་མཱ་ཅན་གྱི་ཚོང་པ་དེའི་ལག་ནས་ཁྱིམ་རེས་སླར་ཡང་མེ་མདའ་སྤུས་ལེགས་རེ་ཉོས་ཤིང་།རྩི་རྟིང་ཁྲག་གིས་གཤེར་བའི་དམར་འཛིང་ཞིག་ལ་གྲ་སྒྲིག་བྱེད་སྐབས་རྒྱུ་རྐྱེན་ཞིག་གི་དབང་གིས་སྡེ་བ་གཉིས་ཀྱི་རྩྭ་སའི་རྩོད་གླེང་དེ་གློ་བུར་དུ་ཞི་འཇགས་སུ་སོང་།གོ་སྐབས་དེ་དང་བསྟུན་ནས་སྤྱི་བདེ་མི་སྣས་སླར་ཡང་རྩད་གཅོད་ཞིབ་འཇུག་བྱས་ཏེ་མེ་མདའ་ཚང་མ་གཞུང་བཞེས་བྱས།


                                                     གསུམ་པ།

         ཨ་ཁུ་དགེ་འདུན་གྱི་སེམས་བདེ་ལ་བབས་ཏེ་བློ་སེམས་རྩེ་གཅིག་གིས་མཚམས་ལ་ཞུགས་འདུགཡིན་ནའང་།གློ་བུར་ཐན་སྐད་ཅིག་ཐོས་པ་ནི་ར་རྒོད་སྟོད་ཚང་དང་ཁོ་ཚོའི་བར་ཡང་བསྐྱར་རྩྭ་སའི་རྩོད་གླེང་བྱུང་བར་མ་ཟད།ད་ཐེངས་སྔོན་ཆད་དང་མི་འདྲ་བར་ཕན་ཚུན་གྱི་མི་བཅུ་ཙམ་རྨས།ཁོང་གིས་ཐུགས་སྒམ་པོའི་ངང་ཡུད་ཙམ་ལ་བསམ་བློ་བཏང་རྗེས་རྩྭ་སའི་རྩོད་གླེང་འདི་དངོས་གནས་བྱིས་པ་ཚོ་རྩེད་མོ་རྩེ་བ་དང་འདྲ་སྙམ།དགོང་མོ་དེར་ཁོང་གིས་སྐར་མདའ་ཞིག་ས་ལ་ལྷུང་བ་རྨིས་ཤིང་།དེའི་འཕྲོར་རང་གི་མདུན་སོ་ཞིག་ཀྱང་ལྷུང་བ་རྨིས།སྐྱ་རེངས་གསལ་དུས་ཁོང་གི་ཐུགས་ལ་ད་དུང་མུན་ནག་ཅིག་འཐིབས་འདུག་ལ་ས་རྩོད་དུ་སོང་བའི་བུ་དོན་གྲུབ་ལ་སེམས་ཁུར་མི་བྱེད་རང་བྱེད་དུ་གྱུར།གསོལ་ཐབ་པས་བཞེས་པ་ཞིམ་པོ་ཞིག་དྲངས་ཀྱང་ཁོང་ལ་བཞེས་པའི་ཡི་ག་མེད་པར་གྱུར།
 ཁོང་གིས་ཡུན་རིང་ལ་ཐུགས་བསམ་བཏང་རྗེས་སྡེ་དཔོན་ལྷུན་གྲུབ་ལ་སྐད་བཏང་སྟེ།“འུ་ཅག་སྡེ་བའི་ཁ་མཆུ་རྩོད་གླེང་འདི་ནི་ལས་སྔོན་ལ་བྱས་པ་ད་ལྟ་སྨིན་པ་ཡིན་ཀྱང་།རིམ་གྲོ་བསྒྲུབས་ན་ཟློག་ཐབས་ཡོད་པས་ཁོ་བོས་སྔགས་པ་རྟོགས་ལྡན་འགའ་གྲོགས་སུ་སྦྲན་ནས་སེམས་ཅན་ཐམས་ཅད་ལ་དུས་བདེ་ཞི་འཇགས་ཤིག་ཡོང་ཆེད།གདུགས་དཀར་ཟློག་ཆེན་ཞིག་འཕངས་ནས་ལྟད་མོ་ཞིག་སྟོན་རྩིས་ཡོད།རྒྱུ་འབྱོར་གྱི་ཕྱོགས་ནས་གྲ་སྒྲིག་ཆ་ཚང་ཞིག་དགོས་རྒྱུ་རེད།འདི་གར་ཞབས་ཞུ་པ་ཉུང་དྲགས་པས་དོན་གྲུབ་ལའང་གནང་བ་ཞིག་སྟེར་རྒྱུ་ཐུགས་འཇགས་ཞུ”ཞེས་གསུངས།
 ཉིན་འགའི་རྗེས་སུ་མི་ཞིག་གིས་སྡེ་དཔོན་ལྷུན་གྲུབ་ཀྱི་ཡི་གེ་ཞིག་ཁྱེར་ཡོང་བ་གསོལ་ཐབ་པས་ཨ་ཁུ་དགེ་འདུན་ལ་སྤྲད།ཁོང་གིས་ཐུགས་སྒམ་པོའི་ངང་གཟིཊ་བྱུང་།“སྐུ་ཉིད་བདེའམ།གྱི་ན་བས་ཞུ་དོན་ནི་འུ་ཅག་སྡེ་བས་སླར་ཡང་མེད་ལ་ཡོད་བཏོད་ནས་ཁྱིམ་རེས་མེ་མདའ་སྤུས་ལེགས་རེ་ཉོས་མོད།སྟབས་མ་ལེགས་པར་མཚོན་ཆ་འཚོང་མཁན་དེ་སྤྱི་བདེ་མི་སྣས་ཟིན་སོང་བས་དེ་དོན་ཐུགས་འཇགས་ཞུ།ད་ལྟ་གདུགས་དཀར་ཟློག་ཆེན་གྱི་ཕྱོགས་ནས་སྐུ་ཉིད་ལ་འོ་བརྒྱལ་བྱེད་མ་དགོས་ཐལ།མཚོན་ཆ་ཉོ་བར་ཕྱུགས་ཟོག་ཚང་མ་བཙོང་ཚར་པས་ད་ལྟ་རྩྭ་ཡོད་ཀྱང་ཟ་མཁན་མེད་པ་རེད།དེ་བས་ཕྱོགས་གཉིས་ཀྱི་རྩྭ་སའི་རྩོད་གླེང་དེ་རང་བཞིན་གྱིས་ཞི་འཇགས་སུ་སོང……”ཁོང་གིས་འཕྲིན་ཡིག་འདི་བཀླགས་རྗེས་ཤོག་ལྷེ་དེ་གྲིམ་རིལ་ཞིག་བྱས་ཏེ་ཤུགས་ཀྱིས་ཐབ་ཏུ་བརྫངས་ཤིང་། ཞལ་མདོག་རིམ་བཞིན་དམར་པོར་གྱུར། །   

  • ལེ་ཚན་སྔོན་མ།:བརྩེ་དུང་གི་གོད་ཆག
  • ལེ་ཚན་རྗེས་མ།:འབོལ་ཁྲི་སེར་པོ།