བརྩེ་དུང་གི་གོད་ཆག

ལན་ཀྲུ། རིག་བྱེད་སྐྱབས་ཀྱིས།        2011-05-24

སློབ་ཆེན་གྱི་འཚོ་བ་རོལ་ནས་ཟླ་གཉིས་འགོར་ལ་ཉེ་བའི་རིང་འདིར་ང་རང་དགའ་སའི་བུ་མོ་དེ་ལ་ཚིག་གཅིག་ཀྱང་བཤད་མ་ཐུབ།དེ་རིང་དངོས་སུ་ཁོ་མོར་འཕྲིན་ཐུང་ཞིག་འབྲི་དགོས་སྙམ་ནས་སློབ་ཁང་གི་གྲུ་ཟུར་ཞིག་དུ་བསྡད་དེ།མོའི་ཁ་པར་ཨང་གྲངས་བླངས་ནས་རྒྱ་ཡིག་གི་འཕྲིན་ཐུང་ཞིག་འབྲི་མགོ་བརྩམས།“ཁྲ་ཆུང་མིག་གི་ཁྱེད་རང་མཐོང་བ་དེ་ནས་བཟུང་།ངའི་སེམས་པ་འདི་ཁྱེད་ཀྱི་ཕྱོགས་སུ་ཤོར་ཤིང་།གོམ་ཁ་འདི་ཡང་་་་་་་”ཞེས་འབྲི་བཞིན་པའི་དུས་དེར།འཛིན་དཔོན་གྱིས་“ཁྱོད་ལ་འཕྲིན་ཡིག་ཅིག་ཐོན་འདུག་”ཅེས་ངའི་མིང་ནས་འབོད་ཞོར་ངའི་སར་ལོག་བྱུང་།
     ངས་ཡིག་ཤུབས་ལ་བལྟས་པ་ན་བསམ་ཡུལ་ལས་འདས་པ་ཞིག་ལ་སྐུར་མཁན་གྱི་མིང་བྲིས་མེད་པས་།ངའི་སེམས་ལ་རང་ཉིད་ཀྱི་ས་གནས་འདི་གཞན་སུ་ལའང་བཤད་མ་མྱོང་བས་ཕལ་ཆེར་མིང་ནོར་སོང་བ་ཡིན་སྙམ།འོན་ཀྱང་ངའི་མིང་གི་ཡིག་འབྲུ་གཉིས་ནི་ནོར་འཆུག་མེད་པར་གསལ་པོར་བྲིས་འདུགཐེ་ཚོམ་དང་བཅས་ངས་འཕྲིན་ཡིག་ཁ་ཕྱེས་ནས་ཀློག་མགོ་བརྩམས།
     སྙིང་ནས་དྲན་པའི་དཔལ་ལྡན་ལགས།
     འཚམས་ཞུ།
     ཁྱེད་ཀྱིས་ལོ་གཅིག་སྔོན་ལ་བྲིས་པའི་སྙན་ངག་དེ་ངས་བཀླགས་པ་གྲངས་མེད་ཡིན་ལ་ཤུགས་དྲག་པོས་ངུས་པ་ཡང་བརྗོད་ཀྱིས་མི་ལང་།ཞེས་པའི་ཡིག་འབྲུ་དག་མཐོང་མ་ཐག་ངས་ད་གཟོད་སྒྲོལ་མ་ཡིན་པ་ཐག་གིས་ཆོད།ཀླག་མཚམས་འདིར་ཐོན་དུས་ངའི་དྲན་འཛིན་གྱི་ཡོལ་བའི་ངོས་སུ་འདས་དོན་ཞིག་གསལ་ལྷང་ངེར་ཤར་བྱུང་།
     དེ་ཡང་ང་རང་མཐོ་འབྲིང་གཉིས་པར་སླེབས་པའི་དུས་དེར་ང་ཚོའི་འཛིན་གྲྭར་སློབ་མ་གསར་པ་ཞིག་སླེབས་བྱུང་།ཁོ་མོས་བོད་ལྭ་སྨུག་པོ་ཞིག་གྱོན་ཡོད་ལ།སྐྲ་སླ་སྲོལ་དེ་ང་ཚོའི་བུ་མོ་གཞན་པ་ཚོ་དང་མི་འདྲ་བར་ལན་བུ་གཉིས་སུ་བཀར་ནས་རྒྱབ་ཏུ་དཔྱངས་འདུགཁ་ངོ་དང་སྐྱེ་གཟུགས་ཕྱོགས་གང་ཐད་ལ་བལྟས་ཀྱང་ཁ་ཕར་འཁོར་ཚིགས་དྲུག་སྨྱུག་མ་དང་ཁ་ཚུར་འཁོར་འཇའ་ཚོན་སྣ་ལྔ་རེད།ངའི་སེམས་སུ་ཁོ་མོ་ནི་ང་ཚོའི་འཛིན་གྲྭའི་མཛེས་མ་ཕྱུལ་དུ་བྱུང་བ་ཞིག་རེད་སྙམ་བྱུང་།བུ་རྣམས་ཀྱིས་ཁོ་མོར་འཕྲིན་ཡིག་བཏང་བ་གྲངས་ཀྱིས་མི་ལང་མོད།ཁོ་མོས་གཅིག་ལ་ཡང་ཁ་ཡ་མི་བྱེད་པ་མ་ཟད།ལན་རེར་ཁོ་ཚོར་སློབ་མ་ཞིག་གི་བྱ་བ་དེ་མིན་པ་སོགས་མང་པོ་གླེང་མྱོང་།འོན་ཀྱང་རྒྱུན་དུ་སེམས་ཆུང་ངང་ཁོ་མོར་འབྲེལ་འདྲིས་བྱས་མཐར་ངེད་གཉིས་གྲོགས་པོ་བཟང་པོ་ཞིག་ཏུ་གྱུར།
     སྤྱིར་གྲོགས་པོ་གསར་པ་ཞིག་རྙེད་པ་ནི་དགའ་འོས་པ་ཞིག་ཡིན་མོད།གྲོགས་མོ་སྒྲོལ་མ་ནི་ངའི་སེམས་གཏིང་དུ་འདི་ལྟ་བུ་ཞིག་འགྱུར་འདོད་ག་ལ་ཡོད།ཡིན་ཡང་ངེད་གཉིས་དགའ་སྐྱིད་ཀྱིས་ཀ་ཁའི་དབྱངས་རྟ་མཉམ་འདོན་དང་དགོད་སྒྲའི་ཁྲོད་ནས་སློབ་སྐབས་གཅིག་མིག་རྡེབ་ཡུན་ཙམ་གྱིས་ཕར་འདས་སོང་།དབྱར་གནང་བཏང་སྟེ་ཁོ་མོ་འགྲོ་ཁར་ང་ལ་ཁ་པར་ཨང་གྲངས་ཤིག་བཤད།
     ལོ་དེའི་དགུན་གནང་སྐབས་སུ་ངས་ཁོ་མོར་ཁ་པར་བཏང་ཞིང་མཉམ་འཛོམས་དུས་ཀྱི་བྱ་བ་མང་པོ་གླེང་།དེ་ལྟར་ཉིན་རྒྱུན་ཁོ་མོར་ཁ་པར་བཏང་བ་དང་འཕྲིན་ཐུང་བསྐུར་བ་གྲངས་མེད་ཡིན།

     བརྩེ་དུང་གི་གོད་ཆག

ཉིན་ཞིག་གི་སྔ་དྲོར་ངས་ཁོ་མོར་བཤད་འདོད་པའི་སེམས་གཏམ་མང་པོ་ཞིག་གྲ་སྒྲིག་བྱས་ནས།ཁ་པར་གྱི་སྐུད་ལམ་བརྒྱུད་དེ་རེ་རེ་བཞིན་ཁོ་མོར་བཤད་ཙ་ན།ཁོ་མོས་ཐོག་མར་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་ཉན་འདུགརིམ་གྱིས་ཁོ་མོས་ཕྱིར་ང་ལ་སྐད་ཆ་མང་བོ་ཞིག་གི་མགོ་བརྩམས་བྱུང་།ཨོ……ངས་ཀྱང་ཁྱོད་ང་ལ་དགའ་བ་དེ་སྔོན་ནས་ཤེས་ཡོད།འོན་ཀྱང”སྐབས་དེར་ངས་ཉམ་ཆུང་གི་ཚུལ་དུ།“རེད་ཡ།”ངས་རང་ཉིད་ཀྱི་སེམས་ན་ཡོད་པའི་སྙིང་གཏམ་འདི་དག་ཡུན་རིང་པོ་ཞིག་ལ་ཉར་ཚགས་བྱེད་པ་ལས་ཁྱོད་ལ་བཤད་མ་ཕོད།ངོ་མ་ཁོ་མོའི་བཤད་ཚུལ་ལ་བལྟས་ན་བཟའ་ཟླ་གཉིས་ཡུན་རིང་ལ་ཁ་གྱེས་ནས་ད་ལྟ་མཉམ་འཛོམས་བྱུང་ནས་ཕན་ཚུན་སྙིང་གཏམ་འཆད་པ་དང་འདྲ།སྐབས་དེར་བསམ་ཡུལ་ལས་འདས་པ་ཞིག་ལ་ངའི་ཁ་པར་ནང་གི་གློག་ཚར་བས་མཚམས་མི་འཇོག་ཐབས་མེད་བྱུང་།
     ཉིན་འགའི་རྗེས་སུ་ངས་ཡང་བསྐྱར་ཁ་པར་བཏང་སྟེ་ཁོ་མོར་སྙིང་གཏམ་དང་ཡིད་སེམས་འགུགས་པའི་གཏམ་རྒྱུད་མང་པོ་བཤད་དེ་རིམ་གྱིས་ངེད་གཉིས་ལ་བརྩེ་དུང་གི་ས་བོན་འབུས་མགོ་བརྩམས།
     ངས་ཐོག་མར་ཁ་པར་ལས་ཁོ་མོར་འཕྲིན་པ“ཉ་མོ་དེ་ཆུ་བོ་ལ་དགའ་ཤིང་།ཆུ་བོ་ནི་ཁོའི་སེམས་ཁོང་ན་རི་རབ་བཞིན་བརྗིད་ཉམས་ལྡན།ཁོ་ནི་རྐྱལ་རྩལ་ལ་ཅི་འདྲར་གཡེང་ཡང་སྙིང་ཁོང་ནས་བོར་མི་སྲིད་པ་ནི་ཆུ་བོ་ཡིན།དེ་བས་ང་ཡང་རི་རབ་ཆུ་བོ་དང་ཆུ་བོ་བརྒལ་ཡང་།ཁྱེད་ཀྱི་སེམས་ཁོང་ལས་བརྒལ་མི་སྲིད་ལ།ཁ་སང་དང་དེ་རིང་དེ་འདས་ཀྱང་།ང་ནི་ཁྱེད་ཀྱི་དྲན་དུང་དང་བརྒལ་མི་སྲིད།”
     དེ་ནས་སྐར་མ་གསུམ་བཞི་ཙམ་གྱི་རྗེས་སུ་ཕྱིར་འཕྲིན་ཐུང་ཞིག་འབྱོར་བ་འདི་ལྟར“ང་ནི་ཉམ་ཆུང་གི་ཉ་མོ་ཞིགང་ཁྱེད་ཀྱི་དྲོད་སྐྱིད་ཀྱི་རྒྱ་མཚོའི་ཁྲོད་ནས་རྐྱལ་རྩལ་རྒྱས་འདོད།ཁྱེད་ཀྱི་སྤྲོ་བའི་འཛུམ་མདངས་ཤིག་མངོན་དང་།ང་ནི་ཁྱེད་ལ་དགའ་ཤིང་ཁྱེད་ལ་དུངས།”
     སྤྱིར་བཏང་དབྱར་གནང་གི་དུས་ཡུན་ནི་ཐུང་ཐུང་ཞིག་ཡིན་མོད།ངེད་གཉིས་ལ་མཚོན་ན་རྫོགས་མཐའ་མེད་པའི་ལོ་ཟླ་མང་པོ་ཞིག་ཡིན་པའི་སྣང་བ་ལྡན།
     སློབ་མགོ་ཚུགས་པའི་ཉིན་དང་པོའི་དགོང་ཚོགས་གྲོལ་མ་ཐག་ངེད་གཉིས་མཉམ་དུ་བསྡད་དེ་ཕན་ཚུན་ལ་སྙིང་གཏམ་བརྗོད་པ་ཡིན།ངེད་གཉིས་ཀྱིས་ཉིན་རྒྱུན་མཉམ་འདུག་མཉམ་འགྲོ་བྱས་པས་དགེ་སློབ་ཀུན་གྱི་གླེང་གཞིར་གྱུར།འཛིན་བདག་གིས་ང་གཞུང་ལས་ཁང་དུ་བོས་ཏེ་ངེད་གཉིས་ཀྱི་འབྲེལ་བ་ཅི་ཡིན་དྲིས།ངས་གྲོགས་པོ་ཡིན་ཞེས་པ་ལས་ཚིག་གཅིག་ཀྱང་མ་བཤད།དེ་ནས་སྒྲོལ་མ་ཡང་གཞུང་ལས་ཁང་དུ་གཅིག་པུར་བོས་ནས་དྲིས་ཚེ།སྔར་ངས་ལན་འདེབས་ཚུལ་དང་འདྲ་བ་རེད།དགེ་རྒན་གྱིས་སློབ་འབྲིང་སློབ་མས་ཕན་ཚུན་བར་ཕོ་མོའི་བརྩེ་དུང་འཛིན་མི་རུང་བའི་སློབ་གསོ་གང་མང་བཏང་བས།ཁོ་མོས་དྲང་མོར་བཤད་པ་མ་ཟད་ངེད་གཉིས་ལ་འགྱུར་བ་མེད་ཅེས་ལན་བཏབ།དགེ་རྒན་ལ་བྱ་ཐབས་ཟད་དེ་མོའི་ཕ་མར་བཤད་པ་ན།སྒྲོལ་མའི་ཕ་རྒན་ཁོང་ཁྲོ་གཏིང་ནས་ལངས་སྟེ་ཁོ་མོར་གཤེ་གཤེ་ཐེངས་མང་པོར་གནང་།
     ཕྱི་ཉིན་དགོང་མོར་ངས་སྔར་གྱི་དུས་འདེབས་སའི་གནས་དེར་ཁོ་མོར་སྒུག་པ་ན།ཅུང་ཙམ་འགོར་རྗེས་ཁོ་མོ་འཚབ་འཚུབ་ངང་ཐོན་བྱུང་།ང་དགའ་ལྷང་ལྷང་དུ་གྱུར་མོད།ཁོ་མོར་སྔོན་ཆད་ཀྱི་སྤྲོ་སྣང་དང་དགའ་བ་མེད་པ་མ་ཟད་ཁ་སྣ་ལག་པས་བཀབ་སྟེ་ངུ་བཞིན་འདུག་པས་ང་ཡང་ཧ་ལས་ཤིང་ཅི་བྱུང་ཞེས་དྲིས།
     ཁོ་མོས་མིག་ཆུ་འདོན་པ་ལས་ལན་ཅི་ཡང་མི་འདེབས་པས་ང་བྲེལ་འཚུབ་དང་སྐྲག་སྣང་གིས་སྐད་མགོ་ཅུང་མཐོ་རུ་བཏེགས་ནས་ཅི་བྱུང་སོང་ཞེས་དྲིས།
     ཁོ་མོ་དངོས་གནས་བཟོད་ཐབས་བྲལ་ཏེ་ངའི་མགྲིན་པར་འཁྱུད་ཞོར་ངུ་ངག་གིས“ངས……སློབ་གྲྭ་བརྗེ་དགོས་”ཟེར།ངའི་ཐོས་འཛིན་མགྲོན་དུ་སྐད་ཆ་དེ་ཕེབས་པ་ན་ངས་ཅི་བཤད་དགོས་པ་ཡང་མ་ཤེས་པར་སེམས་ཁོང་འཁྱག་པས་བསྡམས་ནས་ས་དེར་ཡུན་རིང་ལུས།སྐབས་དེར་དགེ་རྒན་ཐོན་ནས་ང་ལ“དཔལ་ལྡན་སྡོད་ཤག་དུ་འགྲོ”ཟེར་བའི་དུས་དེར་སྒྲོལ་མས་ངའི་མཛུབ་གུ་ལྔ་པོ་ཡང་ཡང་བསྡོམ་བཞིན“སང་ཉིན་”ཟེར་སྐབས་དགེ་རྒན་གྱིས་སྒྲོལ་མ་ལ“ཁྱི་ཁ་སུམ་”ཟེར་ནས་ཁ་གྲག་ཏུ་མ་བཅུགའོན་ཀྱང་ཁོ་མོས་བརྡ་དེ་སང་ཉིན་སྔ་དྲོ་ཆུ་ཚོད་ལྔའི་སྟེང་ཐུག་ཅེས་པའི་བརྡ་ཡིན་པ་ངས་ཚོར་བྱུང་།
     ཕྱི་ཉིན་སྔ་དྲོ་ང་སྔར་གྱི་གནས་དེར་ཐོན་པ་ན་སྒྲོལ་མས་སྒུག་འདུགདེ་ནས་ངེད་གཉིས་མཉམ་དུ་འཁྱུད་ཅིང་མིག་ཆུའི་ཐིགས་པ་དྲོན་མོ་རེ་རེ་ངའི་བྲང་ཁར་ཟགས་ཤིང་རིམ་བཞིན་འདྲེས་ནས་བཞུར།མོས་ང་ལ“ངའི་ཕ་མ་ཁ་ཆེན་དབང་ཆེན།ང་བུ་མོ་ཁ་ཆུང་དབང་ཆུང་།”ཟེར་བཞིན་ངའི་བྲང་ཁར་མགོ་བོ་སྦྱར་ནས་བསྡད།
     ཡུན་རིང་འགོར་རྗེས་ངས་དལ་མོས་ཁོ་མོའི་ལག་པ་ཕར་དེད་དེ་སྐྱོ་གདུང་གིས་མནར་བའི་བཞིན་རས་ལ་ལྟ་སྐབས་ཁོ་མོར་བརྗོད་དཀའ་བའི་སྡུག་བསྔལ་ཞིག་ཡོད་པ་རྟོགས་ཐུབ།ངས་རུམ་ནས་ཤོག་ལྷེབ་ཅིག་བླངས་སྟེ“སྒྲོལ་མ་འདི་ནི་མདང་ནུབ་ཆུ་ཚོད་གསུམ་གྱི་སྟེང་ངས་བྲིས་པའི་སྙན་ངག་ཅིག་ཡིན་ངེད་གཉིས་ཀྱི་སྡུག་བསྔལ་མཚོན་བྱེད་ཅིག་བྱེད་ཀྱང་ཆོག”ཟེར་ནས་ཁ་ཕྱེས་ཏེ་བལྟ་རུ་བཅུག
     སེམས་ཁོང་གི་སྒྲོལ་མ།
     ༡
     སེམས་ཁོང་གི་སྒྲོལ་མ
     ངས་རྟག་བརྟན་གྱི་དུངས་ཞེན་ནམ་ཡང་ཁྱོད་ལ་བཅིངས་ཡོད།
     ངས་རེ་སྒུག་གི་མིག་ཟུང་ནམ་ཡང་ཁྱོད་ལ་གཏད་ཡོད།
     འདི་ལྟར་ཉིན་ཞག་མང་པོའི་ཕར་རྒྱབ་ན།
     ངས་རང་ཉིད་ལ་བདེ་སྐྱིད་ཅིག་གམ།
     རྒྱལ་ཁ་ཞིག་ཡོད་པའི་སྟོང་བསམ་སྒོམ་ཡོད།
     འོན་ཀྱང་།ཁྱོད་ཡོད་པའི་གོ་སྐབས་ཉུང་ལ།
     ཁྱོད་མེད་དུས་སྟོང་མདང་མང་།
     ༢
     སེམས་ཁོང་གི་སྒྲོལ་མ།
     ཁོར་ཡུག་འདིར་ཆུང་དྲགས་པའི་ངེད་གཉིས།
     དབང་ཆེན་སྐོར་ཞིག་གི་ལག་ན་ཤོ་རྡེའུ་བཞིན།
     ནམ་ཡང་།བག་ཕེབས་སམ་རང་དབང་གི་ཁ་ཕྱོགས་ཡོད་མ་མྱོང་།
     དེའི་ཕྱིར།མེ་ཏོག་གསར་སྐྱེས་ཤིག་ལ་སྐྱོ་བའི་སེམས་པ་མེད་ཀྱང་།
     གསེར་སྦྲང་རྨས་མ་ང་ཡིས་སྨྲེང་བའི་གླུ་རེ་ཤོར་ཐལ།
     ༣
     སེམས་ཁོང་གི་སྒྲོལ་མ།
     ཁྱོད་ཁོ་ན་ཐོབ་འདོད་ཀྱི་སེམས་བྱུང་ཞིག་ལས།
     ངས་འདོར་འོས་པ་གང་མང་ཞིག་བླངས་ཡོད་པ་འདྲ་ལ།
     ང་ལ་འཐོབ་འོས་པ་གང་མང་ཞིག་ཀྱང་ཤོར་སོང་བ་འདྲ།
     གང་ལྟར་འཇིག་རྟེན་སྨག་གིས་ཟོས་ཤིང་།
     རང་ལུས་ཁྲག་གིས་གཤེར་ཚར་བས།
     ད་ནི་ཁྱོད་ཉིད།ངའི་ཟུངས་ཁྲག་ལས་སྐྱེས་པའི་མྱུ་གུ་ཡིན།
     ༤
     སེམས་ཁོང་གི་སྒྲོལ་མ།
     ཏག་ཏག་ཁྱོད་རང་སང་ཉིན་འགྲོ་བའི་དེ་རིང་གི་ཉི་མར།
     རི་བོང་ལྟ་བུའི་ཉམ་ཆུང་གི་ཁྱོད།
     ཡང་བསྐྱར་བོའུ་ཁུར་མེད་པའི་རྔོན་པ་སྐོར་ཞིག་གིས།
     རི་མཐོན་པོ་ཞིག་གི་ཕར་རྒྱབ་ལ་བདས་ཐལ།
     ལྷན་འཛོམས་གྱི་ཉི་མ་མཛུབ་རྩེ་ནས་བགྲང་བའི་འུ་གཉིས་ཀྱི་ལས་དབང་།
     འདི་ལྟར་སྨྱོན་པ་སྐོར་ཞིག་གི་མིག་འོག་ན།
     ནམ་ཡང་།འདར་ལྕུག་ལྕུགའདར་ལྕུག་ལྕུག
     སྒྲོལ་མ་ཡ་སྒྲོལ་མ།ངའི་སེམས་ཁོང་གི་སྒྲོལ་མ།
     སྒྲོལ་མས་སྙན་ངག་འདི་ཐེངས་གཅིག་བཀླགས་རྗེས་ངུ་མ་འདར་གྱིས“ངོ་མ་ངེད་གཉིས་ནི་དབང་ཆེན་སྐོར་ཞིག་གི་འོག་ན་གནས་ཡོད་པ་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང”ཟེར་བཞིན་མིག་ཆུའི་མུ་ཏིག་གི་དོ་ཤལ་འགའ་དམར་མདངས་རྒྱས་པའི་འགྲམ་པའི་ངོས་སུ་བསྟར།
     “སྒྲོལ་མ་མ་ངུ་།ཁ་ཐག་རིང་ཡང་སེམས་ཐག་ཉེ་བས་ངེད་གཉིས་འཇལ་ཐུབ།”
     སྒྲོལ་མས་མགོ་བོ་ངའི་བྲང་ཁར་སྦྱར་ནས་བཤད་མི་ཚར་བའི་སྙིང་གཏམ་ཞིག་ཡོད་མོད།འོན་ཀྱང་མགྲིན་པ་འགག་པའམ་བརྣང་བར་བྱས་ནས་བརྗོད་མི་ཐུབ།སྐབས་དེར་སུ་ཞིག་གིས་མཐོང་ན་འདི་གཉིས་ནི་ཅི་འདྲའི་སྙིང་རྗེ་བ་ཞིག་རེད་སྙམ་པར་ཐེ་ཚོམ་མེད།
     ངེད་གཉིས་ཀྱིས་ལག་པ་སྦྲེལ་ནས་ཡུན་རིང་པོ་ཞིག་ལ་ལྷོད་མི་ཐུབ་པར་ལུས།ངས་དུངས་པ་དང་སྐྱོ་སྣང་གིས་མིག་མཐའ་མཆི་མས་རློན་བཞིན་མོར་བལྟ་དུས།མོས་ཀྱང་སེམས་ནས་མཐའ་ཡས་ཤིང་གཏིང་ཟབ་པའི་བརྩེ་དུངས་དེ་ང་ལ་བཅིངས་ཡོད་མོད།འོན་ཀྱང་འཛོམས་པ་ནས་གྱེས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་འདི་ལ་བསྐྱུར་ཐབས་མེད་སྙམ།དེ་ལྟར་བསམ་བཞིན་ང་སྔོན་ལས་ཀྱང་སྐྱོ་བས་གདུང་ཤིང་མགྲིན་པ་མཆི་མས་བརྣངས་བཞིན་ཁོ་མོ་དང་གྱེས་ཏེ་ཉལ་ཁང་དུ་ཕྱིན།
     སྒྲོལ་མས་ངའི་རྒྱབ་གཟུགས་ལ་བལྟ་བཞིན་མིག་ཟུང་ལས་རང་དབང་མེད་པར་མཆི་མ་རྡོག་པོ་འགའ་མར་འགྲིལ་བཞིན་ཡུན་རིང་ཞིག་ལ་ཧད་འདུག
     ངའི་སློབ་གྲོགས་དང་སྒྲོལ་མའི་ཡུལ་གྲོགས་ཤིག་ཡུལ་ལ་ཐེངས་ཤིག་སོང་ནས་ཕྱིར་ལོག་དུས་ང་ལ་འདི་འདྲའི་གཏམ་རྒྱུད་ཞིག་བཤད་བྱུང་།
     སྒྲོལ་མ་ཕྱིར་ཡུལ་ལ་སོང་བ་ནས་བཟུང་མོ་ནི་སེམས་སྡུག་གི་ནང་དུ་ལྷུང་ནས་ཟས་ཀྱང་ཟ་འདོད་མེད་ལ་དཔེ་ཆར་བལྟ་འདོད་མེད་པར་བརྩེ་དུང་གི་སྒྲུང་གཏམ་ཞིག་གི་ནང་དུ་མགོ་བོ་འཁོར་འདུག་ལ་སེམས་ཁོང་གི་སྒྲོལ་མ་ཞེས་པ་ཀློག་ཞོར་མིག་ཆུ་བཞུར་བ་གྲངས་མེད།མོའི་ཨ་མའི་སྙིང་ནས་མ་བཟོད་པར་སྒྲོལ་མ་ལ་ཁོ་དང་ལྷན་དུ་འདུག་ཏུ་མི་འཇུག་པའི་གསང་བ་དེ་གསལ་པོར་བཤད་དགོས་བྱུང་།“རིག་གསར་སྐབས་དཔལ་ལྡན་གྱི་ཕ་རྒན་འབྲུག་ལྷ་ཡིས་ཁྱོད་ཀྱི་ཕ་ལྷ་བྱམས་ལ་འཐབ་རྩོད་བྱས་ནས་སྡུག་གང་མང་མྱོང་དུ་བཅུགདེ་བས་ཕའི་དགྲ་བོར་གཉེན་སྒྲིག་ན་འགྲིག་གམ།” སྒྲོལ་མས་ཅི་བསམ་འདི་བསམ་མེད་པར“དེ་འདས་ཟིན།འདས་ཟིན་པ་ལོ་རྒྱུས་ལས་ཅི་རེད”ཅེས་ལན་བཏབ།ཨ་མར་ཡང་ཅི་ཡང་བཤད་རྒྱུ་མེད་པར་གྱུར།
     སྒྲོལ་མས་ཟླ་རེར་ང་ལ་འཕྲིན་རེ་བསྐུར་བ་ནི་རྒྱུན་ལྡན་ཡིན་ལ།ཁོ་མོའི་སེམས་སུ་དོན་གྲུབ་རྒྱལ་ལོ་དང་ཡེ་ཤེས་སྒྲོལ་མ་གཉིས་འདི་ལྟ་བུའི་ཆག་སྒོར་འཕྲད་ནས་ཐ་མར་ཚེ་སྲོག་ཤོར་སོང་།དེ་བས་ངེད་གཉིས་ནི་ཤེས་ཡོན་པའི་གྲས་ཤིག་ཡིན་པས་མི་ཁ་དང་ཚེ་སྲོག……
     དེ་ནས་སྒྲོལ་མས་རྒན་གྱའི་སྐར་མའི་འོད་སྡེར་ལ་བལྟ་མགོ་བརྩམས་བྱུང་།ཐོག་མར་མོ་ལ་སེམས་སྡུག་ཅི་ཡང་མེད་མོད།འོན་ཀྱང་སྨན་ཆུང་ཚེ་སྐྱིད་ཀྱིས་རྒན་གྱའི་སྐར་མའི་བྲང་ཁར་མགོ་སྦྱར་བ་ནས་སྙན་ལྷང་ལྷང་གི་གཤམ་གྱི་གླུ་འདི་བླངས་པ་ན།
     རོགས་ཡིད་གཞུང་ཅན་གྱི་དགའ་ལོ།།
     བསྒུག་བསྒུག་ནས་ཐུག་ནོ་དེ་རིང་།།
     དྲན་དྲན་ནས་རིག་ནོ་དེ་རིང་།།
     ངོ་ཐུག་ན་ཡིད་སེམས་དུངས་ཀི།
     གཅིག་ལོས་དུངས་ཆུང་འདྲིས་རོགས་རེད།།
     སེམས་དུངས་རུང་བར་ཆད་ཆེ་གི།
     ཁོ་གཉིས་ཀྱི་གཟུགས་བརྙན་དང་གླུ་ཚིག་སོགས་སྒྲོལ་མའི་མིག་ལམ་དུ་ཤར་བ་ན་སེམས་སུ་དཔལ་ལྡན་ངེད་གཉིས་ཁ་ཁར་བྱས་པའི་འདས་དོན་དེ་ཡིད་དུ་དྲན་ལ།ད་དུང་ཡ་ཆུང་གངས་དཀར་སེམས་སུ་སྡུག་མུན་པ་འདྲ་བ་ཞིག་འཐིབས་བཞིན།དཔལ་ལྡན་ངས་ནམ་ཡང་རེ་བའི་མིག་ཟུང་ཁྱོད་ལ་གཏད་ཅེས་པ་རང་དབང་མེད་པར་སྒྲོལ་མའི་ཁ་ནས་ཤོར་བ་སོགས་མོའི་སྡུག་བསྔལ་མང་བོ་མྱོང་བཞིན་པ་ང་ལ་བཤད།
     དོན་དེ་མཐོ་འབྲིང་མཐར་ཕྱིན་ལ་ཉེ་སྐབས་སྒྲོལ་མས་ཨ་མས་བཤད་པ་ཚང་མ་ཇི་མ་ཇི་བཞིན་བྲིས་ཏེ་ང་ལ་བསྐུར་བྱུང་།དེ་ནས་བཟུང་ངའི་སེམས་ལ་ད་ནི་རེ་བ་མེད་སྙམ་སོང་།ཡིན་ནའང་སྒྲོལ་མའི་སེམས་ནི་ནམ་ཡང་འགྱུར་བ་མེད་པར་གནས་པ་སུ་ཞིག་གིས་རྟོགས།
     སྐབས་དེར་ཐོན་དུས་ང་ད་གཟོད་གཉིད་ལས་སད་པ་བཞིན་འཕྲིན་ཡིག་མུ་མཐུད་དུ་ཀློག
     ངས་མགོ་བོ་ལག་པས་བསྐྱོར་ནས་ཁ་པར་ནང་གི་འཕྲིན་ཐུང་འབྲི་འཕྲོ་དེ་ལ་བལྟ་སྐབས་ད་དུང་བསྐུར་མེད་པར་འདུག་མོད།འོན་ཀྱང་ངས་འཕྲིན་ཐུང་འབྲི་འཕྲོ་འདི་དང་སྒྲོལ་མས་བསྐུར་བའི་འཕྲིན་ཡིག་གཉིས་ལ་བལྟས་ནས་བསམ་བློ་གཏོང་བཞིན་འདུག་དགོས་བྱུང་།
  • ལེ་ཚན་སྔོན་མ།:བུ་མོ་སྤུན་གཉིས།
  • ལེ་ཚན་རྗེས་མ།:རི་མགོ་མཐོན་པོའི་ཉི་མ།