བུ་མོ་སྤུན་གཉིས།

        2011-05-23

ཡུལ་ག་གེ་མོ་ཞིག་ན་བུ་མོ་སྤུན་གཉིས་ཡོད།སྤུན་ཆུང་བ་དེ་རིག་པ་རྣོ་ཞིང་ལས་ལ་བརྩོན་པ་དང་།ནང་ལ་བརྩེ་ཞིང་ཕྱི་ལ་བྱམས།ཆེ་བ་དེ་ལས་ལྡོག་སྟེ།རིག་པ་རྟུལ་ཞིང་ལེ་ལོ་ཅན།ནང་ལ་རྩུབ་ཅིང་ཕྱི་ལ་སྡང་བས་རང་རང་ལ་གཤིས་སྤྱོད་རེ་ཡོད།ལས་སྐལ་དམན་པས་སྤུན་ཆུང་བ་སྣུམ་ཚོང་མཁན་ཞིག་དང་།ཆེ་བ་ཤན་པ་ཞིག་དང་གཉེན་སྒྲིག་བྱས་ཏེ།དགོད་བྲོ་བའི་གཏམ་རྒྱུད་འདི་འདྲ་ཞིག་གྲགས་འདུག
     དེ་ཡང་སྣུམ་ཚོང་མཁན་གྱི་ཁྱིམ་བདག་མ་དེ་ཁྱིམ་གཞིས་སྐྱོང་མཁས་ལ་བློ་རིག་ཧ་ཅང་གྲིམ་པས་ཁྱོ་བོ་ཁྲོམ་ལ་སོང་ཤུལ་དུ་ཉིན་ལྟར་ལྐོག་ཏུ་སྣུམ་རྫ་ལས་སྣུམཐོམ་བུ་གང་རེ་བཅུས་ཏེ་རྫ་མ་ཞིག་ཏུ་བླུགས།
     དེ་ནས་ལོ་སར་ལ་ཉེ་བ་ན།ཁྱོ་བོར་ལོ་སར་རྒྱུ་ཕར་ཞོག་བུ་ལོན་ཡང་འཇལ་ཐབས་བྲལ་ཏེ།ཡིད་ཧ་ཅང་སྡུག་པའི་ངང་ཁྱིམ་མཚེས་ལ་བ་མོ་ཞིག་ཡོད་པ་རྐུ་རྩིས་བྱས་ཚེ།ཁྱོ་མོས་ཚོར་ཏེ་མྱུར་དུ་སྣུམ་རྫ་མ་གང་པོ་དེ་བསྟན་ནས་ན་རེ།“ཀྱེ་ཀྱེ།ཁྱེད་ལ་བུད་མེད་ཅིག་གི་འཆར་སྒོ་ཙམ་ཡང་མེད་པར་མ་རབས་ཀྱི་ལས་སུ་ཞུགས་རྒྱུར་ཡ་མི་ངའམ།དེ་ནི་ཐ་མར་རང་ཉིད་བརླག་པའི་རྒྱུ་ཡིན་ཏེ།དེ་ལས་འདིར་ངས་ཡུན་རིང་དུ་བསགས་པའི་སྣུམ་རྫ་མ་གང་འདུགའདི་བཙོང་ན་མ་མཐའ་ཡིན་ནའང་བུ་ལོན་འཇལ་ལོས་ཐུབ”ཅེས་པ་ན།ཁོ་ཧ་ཅང་དགའ་ནས་ཁྱོ་མོར་བཟང་ཚུལ་རྒྱན་ཚུལ་གྱི་ངོ་བསྟོད་གང་མང་བྱས་མཐར།སྣུམ་རྫ་ཁུར་ནས་ཁྲོམ་ལ་སོང་།སྣུམ་རིན་གྱིས་བུ་ལོན་འཇལ་བར་མ་ཟད།ད་དུང་ལོ་སར་ལ་མཁོ་རྫས་གང་འདོད་ཅིག་ཉོས་ཏེ་ཡུལ་དུ་ལོག
     དེ་ནས་ཉི་མ་འགའི་རྗེས་སུ་དོན་དེ་ཤན་པས་ཐོས་ནས་ཆུང་མར་ཇི་མ་ཇི་བཞིན་དུ་བཤད་པ་ན།མོའི་བློར་མ་བབ་པར།“འོ།དེ་དེ་འདྲ་ངོ་མཚར་བ་ཞིག་ཡིན་ནམ།ཁྱོད་ཅི་འདྲའི་བླུན་པོ་ཨང་།ཐག་རིང་ཡུལ་ནས་ཟས་ནོར་འཚོལ་དཀའ་བ་ལས།ཁྱིམ་གཞིས་ལྟོ་ཕོར་འདྲ་བ་འདིའི་ནང་གི་ཟས་ནོར་གསོག་རྒྱུ་སུས་མི་ཤེས།ཁྱོད་ཀྱི་བློ་བདེ་མོ་གྱིས།དེ་དེ་འདྲ་བྱ་དཀའ་བ་ཞིག་མ་རེད”ཅེས་ཁ་ཕོ་བཤད་མོད།དོན་དམ་པར་འདུག་ས་ནས་ཉལ་སར་འགྲོ་བའི་ཚེགས་ལ་འཛེམ་པ་ཞིག་ཡིན།ཁྱོ་བོས་དེ་ལ་དེ་འཚམ་གྱི་ལན་བཏབ་སྟེ།“ཡ།བཟང་གིངས་ད་བར་དུ་ཁྱོད་ཀྱིས་ཁྱིམ་གཞིས་ལེགས་པར་སྐྱོང་བ་མཐོང་མ་མྱོང་མོད།འོ་ན་ད་ནས་ཁྱོད་ཀྱིས་ང་ལ་རམ་འདེགས་ཀྱིས་དང་།ཅི་འདྲ་ཡིན་པར་བལྟས་བས་ཆོག”ཟེར་ཏེ་ཁྲོམ་ལ་སོང་།དེ་ནས་བཟུང་སྟེ་ཁོ་མོས་ཀྱང་ཉིན་ལྟར་ཤ་རྡོག་པོ་རེ་བཅད་དེ་སླེ་པོ་ཞིག་ཏུ་བཞགཡང་ལོ་མཇུག་ཏུ་བྲན་བདག་གིས་ཁྱོ་བོར་བུ་ལོན་བསྙེགས་ཚེ།འཇལ་བའི་ཐབས་ཟད་ནས་ཤུགས་རིང་ནར་ནར་འབྱིན་བཞིན་འདུགསྐབས་དེར་ཆུང་མས་ངོ་ལ་འཛུམ་རྒྱས་ཁ་ནས་ཅ་ཅོ་བསྒྲགས་ཏེ་སླེ་པོ་ཞིག་ཁུར་ནས་ཐོན་བྱུང་།“ཁྱོད་ཀྱིས་དེ་འདྲའི་སེམས་སྡུག་བྱས་ནས་ཅི་ཕན།དེ་ལས་སླ་མོ་ཞིག་རེད།ངས་འདིར་ལོ་གང་པོར་བསགས་ཉར་བྱས་པའི་ཤ་སླེ་བོ་གང་ཡོད།འདི་བཙོང་ན་བུ་ལོན་འཇལ་ལོས་ཐུབ”ཅེས་བཤད་རྗེས།སླེ་པོ་དྲི་ངན་འཐུལ་བ་དེ་ཁྱེར་ཡོང་བ་ན།སླེ་པོའི་ནང་དུ་འབུ་སོབ་སོབ་ཏུ་འདུག་པ་ལས་ཤ་ནི་གང་ན་ཡོད།དེ་མཐོང་མ་ཐག་ཁྱོ་བོ་ཡིད་ཐང་ཆད་དེ་ན་རེ།“ཀྱེ་ཀྱེ་ཁྱོད་འདྲའི་གཟབ་འཕྱོར་དང་ཞིམ་མངར་ཟས་ལ་རྔམས་པ་དང་།ཕྱི་ནང་ཀུན་ཏུ་སྤྱོད་པ་ངན་པའི་དུག་རླངས་ལྡིང་བའི་བླུན་ཞིང་རྟུལ་བའི་སྣ་ནག་མ་ཞིག་ལ་སྡེབ་པ་ལས།བྲག་ཁུང་ཞིག་ཏུ་ཁེར་འདུག་བྱེད་དགོས་ཀྱང་འགྱོད་པ་མེད”ཅེས་ཁྱོ་ཤུག་གཉིས་འཁོན་ནོ།།
  • ལེ་ཚན་སྔོན་མ།:རང་གི་མགོན་ནི་རང་ཉིད་ཡིན།
  • ལེ་ཚན་རྗེས་མ།:བརྩེ་དུང་གི་གོད་ཆག