འཇིག་རྟེན་ཆོས་ཉིད་ལས་འགལ་བའི་ཉེས་ཆད།

        2016-06-06

གནའ་སྔ་མོའི་དུས་སུ་ལས་ཀར་རུ་ང་འགྲན་སེམས་ཆེ་ཞིང་རྒྱུ་ནོར་བསགས་གསོག་ལ་ཞེ་སྡང་ཚ་བའི་བུད་མེད་ཅིག་ཡོད། བུད་མེད་དེས་ནམ་རྒྱུན་མི་གཞན་དང་གླེང་མོལ་བྱེད་སྐབས་ཨ་ཙི། གཉིད་ཟེར་བ་དེ་དུས་ཚོད་འཕྲོ་བརླག་གཏོང་མཁན་རང་རེད། མི་ཚེ་ཕྱེད་ཀ་ཏག་ཏག་གཉིད་ཀྱིས་སྟོང་ཟད་གཏོང་བཞིན་འདུག གལ་ཏེ་ང་ལ་གཉིད་ཁུག་རྒྱུ་མེད་པ་ཡིན་ན་ལས་ཀ་མང་པོ་ཇི་འདྲ་མི་ལས་སམ། རྒྱུ་ནོར་ལོངས་སྤྱོད་ཇི་ལྟར་མི་གསོག་གམ་ཞེས་ཤོད་རྐྱང་བྱེད་ཀྱི་ཡོད།ཉིན་ཞིག་ཡང་བུད་མེད་དེས་དེ་ལྟར་གླེང་མོལ་བྱེད་བཞིན་པ་ཨེམ་རྗེ་ཞིག་གིས་ཐོས་པས་ཨེམ་རྗེས་བུད་མེད་དེར་ཁྱོད་འདི་ལྟར་ཤོད་མི་རུང་། འཇིག་རྟེན་གཏམ་དཔེར་ཚེ་ཕྱེད་གཉིད་ལ་མ་རེ་མེད། ཟས་ཕྱེད་ཆུ་ལ་མ་རེ་མེད། ཟེར་སྲོལ་ཡོད་ལ། གཉིད་ཁུག་རྒྱུ་འདིའང་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་པས་འཇིག་རྟེན་གྱི་ཆོས་ཉིད་ལས་འགལ་མི་རུང་ཞེས་བརྗོད། བུད་མེད་དེས་ཆོས་ཉིད་མི་ཉིད་ངས་མི་ཤེས་གལ་ཏེ་ཨེམ་རྗེ་ལ་གཉིད་མི་ཁུག་རྒྱུའི་སྨན་སྟེར་རྒྱུ་ཡོད་ན་ངས་ཁྱེད་ལ་སྨན་ཡོན་གྱ་ནོམ་པ་སྤྲད་ཆོག་ཅེས་བརྗོད་པར། ཨེམ་རྗེས་ང་ལ་གནས་སྐབས་རིང་གཉིད་མི་ཁུག་རྒྱུའི་སྨན་འདྲ་མ་གཏོགས་མི་ཚེ་ཧྲིལ་པོར་གཉིད་མི་ཁུག་པའི་སྨན་ག་ལ་ཡོད། གལ་ཏེ་ཡོད་ཀྱང་ངས་སྟེར་མི་ཕོད་ཅེས་བརྗོད། ཡང་བུད་མེད་དེས་ཨེམ་རྗེ་ལགས། ཁྱེད་རང་གིས་སྨན་དེ་འདྲ་ཞིག་སྡེབ་སྦྱོར་བྱེད་མི་ཤེས་པ་རེད་མ་གཏོགས་མི་སྟེར་བ་ཞིག་ག་ལ་ཡིན་ཞེས་ཟུར་ཟ་དང་སྦྲགས་བརྗོད་པར་ཨེམ་རྗེས་གོ་ཐོས་ལ་བྱ་འུག་པའི་ཀླད་པ་བཟས་ན་མཚན་མོར་གཉིད་མི་ཁུག་པར་འགྱུར་ཞེས་ཟེར་སྲོལ་འདུག་ཀྱང་ངས་དེ་འདྲ་སྡེབ་སྦྱོར་བྱེད་མྱོང་མེད་ལ་དེ་འདྲ་དགོས་ཟེར་མཁན་ཡང་ད་བར་དུ་མི་གཅིག་ཀྱང་མ་བྱུང་ཞེས་བརྗོད། བུད་མེད་དེས་ཨེམ་རྗེའི་གཏམ་ལས་བྱ་འུག་པའི་ཀླད་པ་བཟས་ན་མཚན་མོར་གཉིད་མི་ཁུག་པར་འགྱུར་ཞེས་པ་དེར་ཡིད་ཧ་ཅང་འཐད་པོ་བྱུང་སྟེ་མོས་རྔོན་པ་མང་པོར་འུག་པ་འཛིན་དུ་མངགས།ཉིན་ཞིག་རྔོན་པ་ཞིག་གིས་བྱ་འུག་པ་ཞིག་བཟུང་ནས་ཁྱེར་ཡོང་པས་བུད་མེད་དེ་དགའ་ཐག་ཆོད་ཅིང་བློ་ཐེ་ཚོམ་མེད་པར་བྱ་འུག་པའི་ཀླད་པ་ཡོངས་རྫོགས་བཟས་པས་དེ་ནས་བཟུང་བུད་མེད་དེར་ཉིན་མཚན་མེད་པར་གཉིད་ཁུག་རྒྱུ་མེད་པར་གྱུར། དང་ཐོག་མོས་ཉིན་མཚན་མེད་པར་ལས་ཀ་མང་པོ་བྱས། དེ་ནས་ཉིན་ཤས་སོང་རྗེས་ལུས་སེམས་ཧྲིལ་པོ་ངལ་དུབ་ཀྱིས་མནར་ཏེ་ལས་ཀ་བྱེད་འདོད་མེད་པར་གྱུར། མཐའ་མཇུག་ཁོ་མོ་ཉིན་མཚན་མེད་པར་གཉིད་མི་ཁུག་སྟབས་ཉིན་མོར་མི་གཞན་དང་མཉམ་དུ་ལས་ཀ་ཉི་མ་འཁྱོལ་ལ་མ་འཁྱོལ་བ་ཞིག་བྱེད་པ་དང་། མཚན་མོར་སེམས་སྡུག་ཀྱིས་ཁེངས། དེ་ཡང་མཚན་མོ་ཐོག་ཁར་ཡར་ཡོང་ན་མི་རྣམས་སྔུར་པ་དི་དིར་ངང་སྐྱིད་པའི་གཉིད་དུ་ཡུར། འོག་ཁང་དུ་མར་སོང་ན་འབྲི་གཡག་དང་ཕྱུགས་རྣམས་ལྡད་ལྷོད་པོར་རྒྱག་བཞིན་དུ་སྐྱིད་པའི་གཉིད་དུ་ཡུར། ཕར་རྟ་དྲེལ་གྱི་ར་བར་ཕྱིན་ན་རྟ་དང་དྲེལ་རྣམས་རྣ་ཀྲོང་ངེར་ལོང་བཞིན་དུ་སྐྱིད་པའི་གཉིད་དུ་ཡུར། སྒོ་ཕྱིར་དོན་ན་སེམས་མེད་ཀྱི་རླུང་དང་ལྷགས་པ་ཡིན་ཡང་འཇམ་ཐིང་ངེར་སྐྱིད་པའི་གཉིད་དུ་ཡུར། བུ་སྲོག་མེད་ཀྱི་ཆབ་དང་ཆུ་བོ་ཡིན་ཡང་སྙན་པའི་ཤང་སྒྲ་ལྷོད་པོར་སྒྲོག་བཞིན་དུ་སྐྱིད་པའི་གཉིད་དུ་ཡུར། ཐ་ན་ནམ་མཁའི་བེམ་པོ་རྒྱུ་སྐར་ཡིན་ཡང་མིག་འཛུམ་ལྷོད་པོར་རྒྱུག་བཞིན་དུ་སྐྱིད་པའི་གཉིད་དུ་ཡུར། འཇིག་རྟེན་ཐོག་ཧ་ལམ་མོ་རང་གཅིག་པུ་མ་གཏོགས་སྣོད་བཅུད་ཀུན་ལ་གཉིད་སྐྱིད་པོ་ཞིག་ཁུག་རྒྱུ་ཡོད་པ་ལྟ་བུར་མཐོང་བས་བུད་མེད་དེ་གཞི་ནས་སོ་སོར་འཇིག་རྟེན་གྱི་ཆོས་ཉིད་ལས་འགལ་བའི་ཉེས་ཆད་ཕོག་པ་དེ་ཤེས་ཤིང་བློ་འགྱོད་དང་སེམས་སྡུག་བརྗོད་ལས་འདས་པ་ཞིག་བྱུང་བའི་རྐྱེན་གྱིས་རང་ལྕེབས་བྱེད་དགོས་པ་བྱུང་ངོ་། །
  • ལེ་ཚན་སྔོན་མ།:བདེན་རྫུན་གཉིས་ལ་འབྲས་བུ་མི་འདྲ་བ་གཉིས།
  • ལེ་ཚན་རྗེས་མ།:བརྐམ་ཆགས་ཅན་རྣམས་ཀྱི་ཕུང་འབྲས།