བདེན་རྫུན་གཉིས་ལ་འབྲས་བུ་མི་འདྲ་བ་གཉིས།

        2016-05-27

    སྔར་ཡུལ་ཞིག་གི་རི་བོའི་ཕག་ན།ལུག་རྫི་གཉིས་ཀྱིས་ལུག་ཕོ་རྒྱག་པ་ཞིག་བསད་ནས་བཤའ་གིན་འདུག་པ་ཀུན་ལེགས་དང་འཕྲད་ནས།ཁོང་གཉིས་ཀྱིས་ཆོས་རྗེ་སྐུ་མཁྱེན་གྲོང་དུ་ལུག་སྤྱང་ཀིས་ཟོས་སོང་ཟེར་ནས་གློ་བ་དེ་རྔན་པར་བྱིན་པས་ཀུན་ལེགས་ཀྱིས་ཁྱེད་གཉིས་ལོ་རྒྱུས་འདི་ཉོན་དང་བྱས་ནས་རྫུན་དུ་སྨྲ་བའི་ལོ་རྒྱུས་དེ་བཤད་དོ།།
    སྔོན་རྒྱ་གར་ལྷོ་ཕྱོགས་ན་བེ་ཏའི་རྒྱལ་པོ་འཚར་བྱེད་ཅེས་པ་ལ་འཁོར་བྲམ་ཟེ་རྫུན་མེད་དང་།རིགས་ངན་རྫུན་པོ་ཆེ་བྱ་བ་གཉིས་ཡོད་པ་མ་ཧེ་སྟོང་ཁྱུ་གཅིག་འཚོ་བར་བཏང་བས།དེའི་གསེབ་ན་ཁྱུ་མཆོག་སྟག་རིས་བྱ་བ་རྩྭའི་ཕུད་ཟ་བ།ཆུའི་ཕུད་འཐུང་བ།ཕར་ལ་འགྲོ་བའི་སྣ་འདྲེན།ཚུར་ལ་ཡོང་བའི་མཇུག་བསྡུས།རི་མཐོན་པོ་ལ་བསྡད་ནས་དགྲ་དང་།གཅན་གཟན་གྱི་སྲུང་མ་བྱེད་པ་གཅིག་ཡོད་པ་དེ་ཁོང་གཉིས་ཀྱིས་ཟས།དེར་རིགས་ངན་དེས་ཁྱུ་མཆོག་གཡང་ལ་ལྷུང་ནས་ཤིའོ་བགྱིས་ཤིག་སྨྲས་པས།རྫུན་མེད་ན་རེ།ང་སྐྱེས་ནས་རྫུན་མ་བྱས་ན་རྒྱལ་པོའི་ཁྲིམས་ཡོང་བས་རྫུན་བགྱིས་ཤིག་ཟེར།དེ་ནས་དགོང་མོ་དུད་འགྲོ་ཚོ་དེད་ནས་ཕྱིན་པ་དང་རྒྱལ་པོས་སྨྲས་པ་མ་ཧེ་སྟོང་ཁྱུ་རྒྱགས་སམ།ཁྱུ་མཆོག་སྟག་རིས་འཚོའམ་ཞེས་གསུངས་པར།རྫུན་མེད་ན་རེ།ངེད་གཉིས་ཀྱིས་ཁྱུ་མཆོག་སྟག་རིས་བསད་ནས་ཟས་ཟེར།རྫུན་པོ་ན་རེ།གཡང་ལ་ལྷུང་ཟེར་བས།རྒྱལ་པོས་རྫུན་པོ་ཆེའི་ལྕེ་བཅད་དོ།རྫུན་མེད་ལ་བརྔན་པ་ཆེན་པོ་བྱིན་ནོ།དེ་ལ་ཡ་མཚན་སྐྱེས་ནས་ལྷ་དབང་ཕྱུག་ཆེན་པོས་ནམ་མཁའ་ལས།རྫུན་ལས་ལྡོག་ནས་བདེན་པར་སྨྲས།བྲམ་ཟེ་ཡིས་ནི་བྱ་དགའ་ཐོབ།རིགས་ངན་ལྕེ་བཅད་ངན་སོང་ལྷུང་།ཨེ་མ་ཤིན་ཏུ་ངོ་མཚར་ཆེ་ཞེས་སྨྲས་སོ།དེ་བཞིན་རྫུན་བཤད་ན་འདི་ཕྱི་གཉིས་ཀར་མི་དགའ་བས་ང་ནི་བདེན་པར་སྨྲ།ཁྱེད་རང་གིས་ཀྱང་རྫུན་བྱས་པའི་མཐའ་མི་བཙན།དེ་བས་ལུག་དེ་ངེད་གཉིས་ལྟོག་ནས་ཟས་ཟེར་བ་བྱས་ན་ལེགས།བདེན་པར་སྨྲས་པ་ལ་ལེགས་སོ་བྱས་པས་ཁོང་གཉིས་ཀྱང་དད་པ་སྐྱེས་ཏེ་དེའི་ནུབ་མོ་རང་ཆོས་ལ་བྲོས་ནས་རི་བོ་དགའ་ལྡན་དུ་སླེབས་འདུག་ཟེར་རོ།།

  • ལེ་ཚན་སྔོན་མ།:ཨ་ཁུ་ལྷ་སྐྱབས་ཀྱི་ནངས་ཇ།
  • ལེ་ཚན་རྗེས་མ།:འཇིག་རྟེན་ཆོས་ཉིད་ལས་འགལ་བའི་ཉེས་ཆད།