ཨ་ཕ་ལྕགས་ལོ་དང་དགེ་རྒན་ཚེ་རིང་།

གཅན་གླག་མིག        2017-06-22

     ཝེ། དགེ་རྒན་ཚེ་རིང་བདེ་མོ་ཡིན་ནམ། ང་རྒྱ་ལོའི་ཨ་ཕ་ཡིན།  ངེད་སྡེ་བའི་དབྱར་སྟོན་ཐོན་ལ་ཉེ་བས།  ངེད་ཚང་གི་རྒྱ་ལོ་ལ་ཉིན་གསུམ་གྱི་གནང་བ་སྟེར་རོགས་ཞེས་ཟེར། 

     རེད་རེད། དོན་དག་གལ་ཆེན་མེད་ན་གནང་བ་སྟེར་གི་མེད་ཡ།   གནང་བ་སྟེར་གི་བསྡད་ན་བྱིས་པ་སློབ་སྦྱོང་གི་རྗེས་མི་ཆོད་གི   ཡང་གཅིག་བཤད་ན་བྱིས་པ་གཞན་པར་ཤན་ཤུགས་ཐེབས་འགྲོ་གི

     དགེ་རྒན་ལོ་ལོ།   ངེད་ཚང་གི་སྐྱག་ཕྲུག་དེས་ཉིན་རྒྱུན་འུར་སྒྲ་བརྒྱབ་ནས་འདུག་གི་མི་འཇུག་གི་ཡ།   དེ་མིན་ངས་གནང་བ་ཞུ་ནི་མ་རེད་ཡ།  དགེ་རྒན་ལད་ལད།

     དེ་ལྟར་བཤད་ན་ཧ་གོ་གི  ཞུ་བ་ཞུ་དགོས་དོན་མེད། ཞུ་བ་ཞུ་དགོས་ཀྱང་དོན་དག་འདི་འདྲའི་ཆེད་ཡིན་ན་ག་ལ་འགྲིག  ད་རང་གིས་ལྟོས།  ད་དེ་བྱོས།

     ཁ་པར་བརྒྱབ་རྗེས་དགེ་རྒན་ཚེ་རིང་གིས་དངན་པ་འཐེན་བཞིན་ཁོ་རང་ཆེས་དགའ་བའི་གླིང་ག་རུ་འཆམ་འཆམ་དུ་ཕྱིན།

     གླིང་ག་དེ་ནམ་རྒྱུན་དང་མི་འདྲ་བའི་ཚོར་སྣང་ཞིག་དང་ཡང་ན་གོམ་ཁ་སྔར་ལས་ལྕི་བའི་ཚོར་སྣང་ཞིག་གིས་དགེ་རྒན་ཚེ་རིང་གི་ལུས་ཡོངས་དམ་པོར་བཏུམས།

     ཁོའི་སེམས་སུ།  སློབ་སྐབས་འདིར་རྒྱ་ལོས་གནང་བ་ཞུས་ནོ་ཕལ་ཆེར་ཐེངས་ཉི་ཤུར་སླེབས་ལ་ཉེ།

     དང་པོ་ལྕགས་ལོ་བཟའ་ཚང་གང་བོ་ལྷ་སར་འགྲོ་དགོས་ཟེར་ནས་གཟའ་འཁོར་གཅིག  དེ་ནས་མཚོ་བསྐོར་ལ་སོང་ནས་གཟའ་འཁོར་གཅིག  དེ་ནས་བྱང་གི་དགོན་ཆེན་བཞི་ལ་སོང་ནས་གཟའ་འཁོར་གཅིག  དེ་ནས་བླ་བྲང་གི་ཨ་ཁུ་ཡུལ་ལ་ཡོང་བས་ཉིན་གཉིས།  དེ་ནས་རྒྱ་ལོ་གྲྭ་བ་བྱེད་རྒྱུ་ཡིན་ཟེར་ནས་ཉིན་གསུམ།  དེ་ནས་ཨ་ཁུ་ཚེ་ལོ་ཚང་གི་ཚ་བོས་སློབ་གྲྭ་ནས་ཐུབ་ཚོད་བྱེད་གི་འདུག་གི་ཟེར་ནས་ཉིན་གསུམ།  དེ་ནས་་་་་་་།  དངོས་གནས་སློབ་གྲྭར་ཡོང་བའི་གྲངས་ཀ་ལས་གནང་བ་ཞུས་པའི་གྲངས་ཀ་མང་གི 

     དགེ་རྒན་ཚེ་རིང་གིས་མུ་མཐུད་དུ་མདང་རྒྱག་མ་ཕོད་མོད། ཡིན་ནའང་རྒྱ་ལོའི་སློབ་སྐབས་སྔོན་མའི་སློབ་སྦྱོང་གི་གྲུབ་འབྲས་དང་།   སློབ་སྐབས་འདིའི་སློབ་སྦྱོང་གི་རྣམ་འགྱུར་གཉིས་ཀྱིས་ཁོའི་ལུས་ངག་ཡིད་གསུམ་ལ་གྲི་ཡིས་བསྣུན་འདྲའི་བདེ་བ་མ་བྱུང་བས།  བྱིས་པའི་འདས་མ་ད་གསུམ་དང་།  མི་རིགས་འདིའི་འདས་མ་ད་གསུམ་གྱི་ཆེད་དུ་ཁོས་ཅིས་ཀྱང་ལྕགས་ལོ་དང་ལྕགས་ལོ་ལྟ་བུའི་ཁྱིམ་བདག་རྣམས་ལ་ཐུག་རྒྱུའི་ཐག་བཅད།

     ཨ་ཕ་ལྕགས་ལོས་སྔར་ལྟར་གནང་བ་ཞུས་མཚམས་མ་བཞག་ལ། ཤོ་རྒྱག་ས་དང་། ཆང་འཐུང་ས། སྤྱང་རྟུག་འཕེན་ས་སོགས་གང་ན་སྐྱིད་པོ་གཏོང་ས་ཡོད་ན་ཁོ་རང་མ་ཐོན་ས་མེད་ཅིང་། ལན་རེར་རྒྱ་ལོ་ཡང་རྗེས་སུ་ཁྲིད་ནས་འགྲོ་གི་འདུག


  • ལེ་ཚན་སྔོན་མ།:རི་གྲོང་གི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:རི་བོང་བློ་ལྡན་གྱིས་གྱོད་གྲོགས་བྱས་པ།