རི་བོང་བློ་ལྡན་གྱིས་གྱོད་གྲོགས་བྱས་པ།

གཞི་རིམ་པ།        2017-06-26

གནའ་སྔ་མོ་ཞིག་ལ།  གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་བོད་གངས་ཅན་ལྗོངས་ཀྱི་ཡུལ་གྲུ་ཞིག་ཏུ།  ཧམ་སེམས་ཅན་གྱི་ཕྱུག་པོ་ཞིག་ཡོད། དེའི་ཁྱིམ་མཚེས་ནི་རྒྱུ་ནོར་ལོངས་སྤྱོད་ཤིན་ཏུ་དབུལ་བའི་ཁྱིམ་ཚང་ཞིག་ཡིན་ལ།  ཁྱིམ་ཚང་དེར་ཨ་མ་རྒན་མོ་ཞིག་དང་རྟེའུ་ཕྲུག་ཅིག་ལས་ཅི་ཡང་མེད།  ཨ་མ་རྒན་མོ་དེས་རྟེའུ་ཕྲུག་དེ་ལ་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ལྟར་ཤིན་ཏུ་བརྩེ་མདངས་ཆེ། རྟེའུ་ཕྲུག་དེ་ནི་སྤུ་མདོག་བཟང་ཞིང་བང་རྩལ་ཆེ་བ།  གཟུགས་སྟོབས་ཆེ་ཞིང་ཤ་ཤེད་རྒྱས་པ།  ལྟ་ན་སྡུག་ཅིག་མི་སེམས་འགུགས་པ་ཞིག་མཆིས་པས། ཕྱུག་པོ་ཚང་གི་ཧམ་སེམས་ཅན་གྱི་ཕ་རྒན་དེས།  དུས་རྒྱུན་དུ་དབུལ་བོ་ཚང་གི་རྟེའུ་ཕྲུག་དེ་ལ་ཧམ་པ་སྐྱེ་བཞིན་ཡོད།

ཉིན་ཞིག་ལ། ཕྱུག་པོ་ཚང་གི་བོང་བུ་ལ་བོང་ཕྲུག་ཅིག་བཙས་པའི་གོ་སྐབས་དང་བསྟུན་ནས།  ཕ་རྒན་ཧམ་སེམས་ཅན་དེས་ངོ་ཚ་དང་རྒྱུ་འབྲས་རྒྱབ་ཏུ་བསྐྱུར་ཏེ། རང་ཁྱིམ་གྱི་བོང་ཕྲུག་དང་དབུལ་བོ་ཚང་གི་རྟེའུ་ཕྲུག་གཉིས་བརྗེས་པ་རེད། དབུལ་བོ་ཚང་གི་ཨ་མ་རྒན་མོས་དོན་དག་དེ་ཤེས་མ་ཐག་ཕྱུག་པོ་ཚང་ལ་རྟེའུ་ཕྲུག་ལེན་དུ་སོང་མོད། ཕྱུག་པོ་ཚང་གི་རྒན་པོ་དེས་ཁས་ལེན་བྱེད་རྒྱུ་ཕར་ཞོག  ཁོང་ཚང་ལ་རྐུ་བཙུགས་སོང་ཟེར་བཞིན་དབུལ་བོའི་ཨ་མ་རྒན་མོ་དང་གྱོད་བཤད་བརྒྱབ།  ཨ་མ་རྒན་མོར་ཕྱུག་པོ་ཚང་ལ་གྱོད་བྱེད་བའི་སྟོབས་འབྱོར་མེད་པས།  ཡིད་སེམས་གདུང་བས་མནར་བཞིན་ཁྲིམས་ཁང་ལ་ཞུ་གཏུགས་བྱས།  ཁྲིམས་ཁང་གིས་ཨ་མ་རྒན་མོ་ལ་ཉིན་མ་ག་གེ་མོ་ཞིག་ལ་གྱོད་བཤད་རྒྱུའི་གཏན་ཁེལ་བྱས།  ཡིན་ཡང་ཨ་མ་རྒན་མོར་རྒྱུ་དང་དངུལ་ལོས་དབུལ་བས།  གྱོད་གྲོགས་དང་བདེན་དཔང་བྱེད་མཁན་གཅིག་ཀྱང་མེད་ལ།  ཕྱུག་པོ་ཚང་ལ་རྒྱུ་སྟོབས་ཆེ་བས་ཁྲིམས་ཁང་དང་འབྲེལ་བ་ཟབ་ཅིང་བདེན་དཔང་བྱེད་མཁན་ཡང་ཧ་ཅང་མང་པོ་ཡོད་པ་རེད།  དེ་བས།  དབུལ་བོ་ཚང་གི་ཨ་མས་གྱོད་ལས་རྒྱལ་བའི་རེ་ཐག་ཆད་དེ།  ཡིད་སྐྱོ་ཐབས་ཟད་ཀྱི་མིག་ཆུ་ཤོམ་ཤོམ་དུ་བཞུར་བཞིན་ལམ་དུ་འགྲོ་བ་རི་བོང་བློ་ལྡན་གྱིས་མཐོང་བས། རི་བོང་བློ་ལྡན་གྱིས་ཨ་མ་རྒན་མོར།

ཀྱེ་ཀྱེ་ཨ་མ་རྒན་མོ་མ་ངུ་བདག་ལ་གསོན། 

འདི་འདྲའི་ཡིད་སེམས་སྐྱོ་བའི་རྒྱུ་མཚན་གང་ལ་ཐུག 

ཚིག་གཅིག་མ་གསང་རི་བོང་བདག་ལ་གསུང་བར་ཞུ། 

བློ་ལྡན་རི་བོང་བདག་གིས་ཁྱེད་ལ་རོགས་བྱ་ཆོག །ཅེས་དྲིས་པ་ན།

ཨ་མ་རྒན་མོས་ངུ་མཚམས་བཞག་སྟེ་རི་བོང་ལ།

ཀྭ་ཡེ་སེམས་བཟང་རི་བོང་བདག་ལ་གསོན། 

རང་ཁྱིམ་རྟེའུ་ཕྲུག་ཕྱུག་པོའི་བོང་ཕྲུག་གཉིས། 

བརྗེས་ཏེ་ད་དུང་ཁྲིམས་ལ་གྱོད་བཤད་ཟེར། 

རྒྱུ་དང་དངུལ་ལོ་མེད་པའི་དབུལ་བོ་ངར། 

གྱོད་བཤད་གྲོགས་དང་བདེན་དཔང་བྱེད་མཁན་མེད། 

གྱོད་ལས་རྒྱལ་བའི་རེ་ཐག་ཆད་ནས་ངུའོ། །ཞེས་བཤད་པས།

རི་བོང་གིས་ཨ་མ་རྒན་མོ་དེར།  ཁྱེད་རང་ཡིད་སྐྱོ་མི་དགོས། སང་ཉིན་ཞོགས་པར་ང་རང་ཁྱོད་ཀྱི་གྱོད་གྲོགས་དང་བདེན་དཔང་བྱེད་དུ་འགྲོ་ཞེས་བཤད་པ་ན། ཨ་མ་རྒན་མོ་ཡང་བློ་བདེ་ནས་རང་ཁྱིམ་དུ་ལོག

ཕྱི་ཉིན་གྱི་ཞོགས་པར། ཕྱུག་པོ་དང་ཁྲིམས་ཁང་གི་འགོ་ཁྲིད་རྣམས་ཀྱིས་གདོང་ལ་འཛུམ་མདངས་ཤིག་ངོམ་བཞིན་རི་བོང་ལ་བསྒུགས་ནས་བསྡད་མོད།   འོན་ཀྱང་རི་བོང་བློ་ལྡན་ཉི་མ་ནུབ་རན་སྐབས་ད་གཟོད་གྱོད་བཤད་སའི་གནས་ལ་བསླེབས།  ཁྲིམས་དཔོན་ཁོང་ཁྲོའི་ངང་ནས་རི་བོང་ལ་ཁྱོད་འདི་འདྲའི་དུས་ཚོད་འགོར་དོན་ཅི་རེད་ཅེས་དྲིས་པར། རི་བོད་བློ་ལྡན་གྱིས། 

གུས་ཞིང་བརྩེ་བའི་ཁྲིམས་དཔོན་ལགས། 

ཆུ་བོ་གྱེན་ལ་ལོག་གྱུར་པས། 

བདག་གི་འགྲོ་ལམ་བཀག་སོང་བས། 

ད་ལྟར་མ་གཏོགས་སླེབས་མ་ཐུབ། 

ཁྲིམས་དཔོན་ཁྱེད་རང་ཐུགས་མ་ཁྲོ། །ཞེས་བཤད་པས། ཁྲིམས་དཔོན་དང་ཕྱུག་པོ་ཚང་གི་མི་རྣམས་ཀྱི་འཕྱ་དགོད་ཀྱི་སྒྲས་གནམ་སར་ཁྱབ་ཅིང། དགོད་སྒྲའི་ཁྲོད་ནས་ཁྲིམས་དཔོན་གྱིས།

རི་བོང་གྲོགས་པོ་རྣ་བ་མ་གཡེང་བདག་ལ་གསོན། 

ཁྱེད་ཀྱི་གཏམ་ལ་ང་ཚོ་ཡོངས་རྫོགས་བཞད་གད་བྱུང་། 

ཆུ་བོ་གྱེན་ལ་ལོག་སྲོལ་འཇིག་རྟེན་ཆོས་དང་འགལ། 

ཁྱོད་ཀྱིས་སྨྱོན་པའི་སྨྱོན་གཏམ་བཤད་པ་ངོ་རེ་ཚ། །ཞེས་བཤད་པས།  གྱོད་ར་ལ་གནས་ཡོད་པའི་མི་རྣམས་ཀྱི་དགོད་སྒྲ་ནི་མུ་མཐུད་དུ་འབྲུག་སྒྲ་གྲག་པ་བཞིན་གྲག་བྱུང་ལ།  དུས་དེར་རི་བོང་བློ་ལྡན་གྱོད་རའི་དབུས་སུ་ལངས་ཏེ།

སྨྱུག་མའི་རང་བཞིན་འཛིན་པའི་ཁྲིམས་དཔོན་དང་། 

རྒྱུ་སྟོབས་དབང་སྟོབས་ཆེ་བའི་ཕྱུག་པོ་རྣམས། 

སྒྲ་འཛིན་དབང་པོ་མ་གཡེང་བདག་ལ་གསོན། 

ཆུ་བོ་གྱེན་ལོག་ཆོས་ཉིད་འགལ་བ་བཞིན། 

བོང་བུར་རྟེའུ་ཕྲུག་སྐྱེས་པ་ངོ་རེ་ཚ། །ཞེས་བཤད་པས། ཕྱུག་པོ་དང་ཁྲིམས་དཔོན་རྣམས་ངོ་ཚས་གདོང་མདོག་དམར་པོར་གྱུར་ཅིང་།  བྱིའུ་ཚོགས་ཁྲོད་དུ་ཁྲ་སླེབས་པ་བཞིན་གྲག་མེད་དུ་གྱུར་ཏེ།  མཐར་ཅི་བྱ་གཏོལ་མེད་དུ་གྱུར་ནས་རྟེའུ་ཕྲུག་དེ་དབུལ་བོའི་ཨ་མར་མི་སྤྲོད་ཐབས་མེད་དུ་གྱུར་ཏོ། 


  • ལེ་ཚན་སྔོན་མ།:ཨ་ཕ་ལྕགས་ལོ་དང་དགེ་རྒན་ཚེ་རིང་།
  • ལེ་ཚན་རྗེས་མ།:སྐར་མའི་བུ་ཆུང་།