གསེར་ཁབ། 2017-05-15
མཚན་མོ་འདི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། བསམ་བཞིན་བསམས་བཞིན་གད་མོ་ཤོར། དགོད་བཞིན་དགོད་བཞིན་སྙིང་རེ་རྗེ། ཕྱི་ཉིན་ཞོགས་པ་ང་ཚོ་ངལ་གསོ་ཡིན་པས། ངས་རང་ཉིད་ཀྱི་ཞག་སྡོད་སློབ་མ་དག་འབོད་དེ། ཕྱི་རོལ་དུ་བསྐྱར་སྦྱོང་བྱེད་པར་ཕྱིན་པ་ཡིན། ང་ཚོ་སྤང་ལྗོངས་སྟེང་དུ་བསྐྱར་སྦྱོང་ལ་རོལ་སྐབས། གློ་བུར་དུ་ངེད་ཚོའི་ལས་གྲོགས་ཚང་མ་འཐུང་ཆ་སྣ་ཚོགས་འཁུར་ཏེ་སླེབས་བྱུང་། སློབ་སྤྱིས་དགོད་ཚེར་ཚེར་གྱིས། ཁྱེད་ཚོའི་སྐྱིད་མདོག་ལ། སྤང་ལྗོངས་ཡངས་མོ་འདིའི་སྟེང་དུ། དགེ་སློབ་རྣམས་པས་བརྩེ་བས་མྱུ་གུ་བསྐྱངས་པ་བཞིན་ངོ་མཚར་ཆེ། རྒྱུན་དུ་ཁྱེད་ཚོ་འདི་ལྟར་ཕེབས་ཚེ། ང་ཚོར་ལན་ཞིག་བྱེད་རོགས། ཚང་མ་མཉམ་དུ་སློབ་སྦྱོང་དང་དགའ་དགའ་སྐྱིད་སྐྱིད་བྱས་ནས་བསྡད་ན། ཞེས་བཤད་བྱུང་། ལགས་སོ། རྒན་ལགས་རྣམ་པ་ཞུགས་དང་། ཁྱེད་ཚོ་དེ་རིང་འདི་གར་ཕེབས་ཀྱི་རེད་བསམ་བསམ་མ་བྱུང་། དེ་རྗེས་ཁོང་རྣམས་ཀྱིས་འཐུང་ཆ་རྣམས་སྤང་ལྗོངས་ཀྱིས་ཡུར་བུའི་ནང་དུ་བཞག་སྟེ། ང་ཚོ་མཉམ་དུ་སྐད་ཆ་བཤད་ནས་བསྡད་པ་ཡིན། རྒན་ལགས་རྣམ་པ་སྦག་རྒྱག་འགོ་ཚུགས་སོང་ངས་ལམ་སེང་སློབ་ཕྲུག་དག་སློབ་ཁང་དུ་སློབ་སྦྱོང་བྱེད་པར་བཏང་བ་ཡིན། རྒན་ལགས་རྣམས་ཧ་ཧ་་་་ཨུ་ཨུ་་་་ངང་སྦི་རག་བཏུང་བྱུང་། སློབ་སྤྱིས་གུས་པར་གཏེར་ཆུ་འཐུང་དང་ཞེས་བཤད་དེ་མུ་མཐུད་རྩེད་མོར་རོལ་སོང་། བུད་མེད་རྒན་ལགས་ཚོས་རེ་འགས་སྦི་རག་འཐུང་བཞིན་རེ་འགས་སིལ་ཁུ་འཐུང་གི་འདུག དུས་ཚོད་ཅུང་ཙམ་ཕྱིན་རྗེས་ལྷ་མོ་དང་ལས་རོགས་བུད་མེད་འགའ་མཉམ་དུ་འབྱོར་སོང་། ལྷ་མོས་ང་མཐོང་མ་ཐག་ལམ་སེང་ངའི་གམ་དུ་ཡོང་ནས། རང་ག་དུས་སླེབས་པ་ཡིན་ནམ་ཞེས་བཤད་བྱུང་། ང་ཞོགས་པ་ནས་འདི་གར་ཡོང་བ་ཡིན། ཧ་ཧ། ང་ཚོ་ཐོན་ཁར་ཁྱེད་རང་བསྡད་མི་འདུག བྱས་ཙང་ང་ཡང་ཡོང་བ་ཡིན། ཡ་ཡ། ད་བྱས་ན་སྐྱིད་པོར་སྡོད། དེ་རིང་ངེད་ཚོའི་ཤང་ཡང་སྐྱིད་སྐྱིད་བཏང་ནས་བསྡད་འདུག ཁོ་ཚོས་ང་ཚོ་ཤང་དང་མཉམ་དུ་སྡོད་པའི་སྐོར་བཤད་ཀྱི་འདུག ཏོག་ཙམ་ནས་ཕལ་ཆེར་ཧྲུའུ་ཅི་ལགས་འབོད་པར་ཡོང་བ་ཡོད། སྐབས་དེ་དུས་ང་ཚོ་མཉམ་དུ་འགྲོ་ཞེས་གསུངས་བྱུང་། ང་ཕལ་ཆེར་འགྲོ་ཐུབ་བ་མི་འདུག ངས་ཆང་རག་ནི་འཐུང་མི་ཤེས། ཕྱིན་ནའང་མིའི་སྐྱོན་སྲུང་བ་དང་འདྲ་བའི་གོམས་གཤིས་འདིས། སེམས་པ་སྡུག་གིས་མནར་འགྲོ་མ་གཞི་ནས་ངའི་སློབ་མ་དག་འཛིན་གྲྭའི་ནང་ང་བསྒུགས་ནས་བསྡད་ཡོད། རང་གིས་བྱས་ན་ཁྱེད་རང་མ་ཕྱིན་ན་ང་ཡང་འགྲོ་གི་མིན། ངས་རང་དང་མཉམ་དུ་སློབ་ཁང་ནང་ཡོང་ཆོག་ཅེས་བཤད་བྱུང་། ཁྱེད་རང་ཁོ་ཚོ་དང་མཉམ་དུ་ཕེབས་དང་། ངས་སློབ་ཁྲིད་ཚར་སོང་ན་ཡོང་གི་ཡིན་ཞེས་བཤད་པས། ཁོ་མོས་ཅུང་དགའ་བའི་སྒོ་ནས་ད་བྱས་ན་དངོས་འབྲེལ་ཤོག་ཨང་གསུངས་བྱུང་།
ཧྲུའུ་ཅི་ལགས་ཕེབས་སོང་། རྒན་ལགས་རྣམས་འབོད་ནས་དེ་རིང་ང་ཚོ་མཉམ་དུ་ཤང་ནང་དུ་སྡོད་པར་འགྲོ་ཞེས་བཤད་སོང་། དེ་རྗེས་ཁོ་ཚོ་ཤང་གི་རླངས་འཁོར་ནང་དུ་འཛུལ་ནས་ཕྱིན་སོང་། ང་རང་གཅིག་པུ་སློབ་གྲྭར་ལོག་ནས་སློབ་ཕྲུག་ལ་ལྟ་བར་ཕྱིན་པ་ཡིན། ངའི་སློབ་མ་དག་ཁུ་སིམ་གྱིས་སློབ་སྦྱོང་བྱེད་ཀྱིན་འདུག ངས་ཁོ་ཚོར་ཁྱེད་ཚོས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ཏེ། ཕ་མ་དང་ཕ་ཡུལ་གྱི་ཡུལ་མིའི་རེ་བ་ཆུས་ཟོད་མ་མ་བཏང་བར་སློབ་སྦྱོང་ཡག་པོ་བྱ་དགོས་ཅེས་བཤད་པ་ཡིན། ཁྱེད་ཚོས་བོད་ཡིག་ཡག་པོ་སྦྱང་དགོས། བོད་ཡིག་ནི་ང་ཚོའི་རང་མི་རིགས་ཀྱི་སྐད་ཡིག་ཡིན་པས། ཁྱེད་ཚོས་བོད་ཡིག་གཙོ་བོར་བཟུང་ནས་སྦྱང་དགོས་པ་དང་། རིག་པས་བདེན་པ་སྐྱོང་བ་ནི། འཇིག་རྟེན་འདིའི་ཆོས་ཉིད་ཡིན་པས། མི་གཞུང་དྲང་ཞིག་བྱ་རྒྱུར་ངས་རྒྱུན་དུ་ནས་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད།
དེ་རིང་ངའི་སློབ་མ་ཀརྨས་རྒན་ལགས། དྲི་བ་ཞིག་ཡོད་ཁྱེད་རང་གིས་ལན་འདེབས་རོགས། དྲི་བ་ཡོད་ན་ཧ་ཅང་ཡག་པོ་རེད། རྒན་ལགས་ཉིད་ཀྱིས་དྲི་བ་འདི་བསྒུགས་ནས་ཡུན་རིང་ཕྱིན་སོང་། གང་ཡིན་ནམ་གསུངས་དང་། ང་ཚོའི་ལུང་པར་དུས་རྟག་ཏུ་དབྱར་རྩྭ་དགུན་འབུ་རྐོ་བའི་ཚེ། སྡེ་པ་དང་སྡེ་པ་བྱས་ནས་འཛིང་རེས་བྱེད་པའི་སྲོལ་ངན་དེ་ད་དུང་ཡང་བསྡད་འདུག རྒན་ལགས་ཀྱི་དེའི་ཐད་ནས་བསམ་འཆར་གང་ཡོད་དམ་ཞེས་བཤད་བྱུང་། ངས་ལན་མ་འདེབས་གོང་ཁྱེད་ལ་འདི་ལྟ་བུའི་བསམ་བློའི་རྒྱགས་ཕྱེ་རྙེད་པར་རྒན་ལགས་ཧ་ཅང་གིས་དགའ་པོ་བྱུང་། ངས་དགའ་བསུ་ཡང་ཡང་བཞུས་ཏེ་བསྔགས་བརྗོད་བྱས་པ་ཡིན། ད་བྱས་ན་ངས་རང་ཉིད་ཀྱིས་ལྟ་ཚུལ་རྣམས་བཤད་ཆོག རེད་ཨང་། ད་ལྟ་བོད་ཀྱི་ས་ཆ་རེ་འགར་ད་དུང་ཡང་སྲོལ་ངན་འདི་འདྲ་མཐོང་རྒྱུ་འདུག དཔེར་ན། དགྲ་ཤ་ལེན་པའི་སྲོལ་ངན་དང་། ས་ཆ་སྦར་མཐིལ་ཙམ་ཞིག་གིས་དོན་དུ་འཐབ་འཛིང་བྱེད་པའི་གནས་ཚུལ་ད་ལྟ་ཡང་མཐོང་རྒྱུ་འདུག ངས་བལྟས་ན། དེ་ནི་ཧ་ཅང་ཐ་ཤལ་གྱི་བྱ་ཐབས་ཤིག་རེད། གནས་ཚུལ་འདི་འདྲ་དོན་པའི་རྒྱུ་རྐྱེན་གཙོ་བོ་གང་རེད་དམ་ཞེ་ན། གཅིག་ནས་ང་ཚོའི་མི་རིགས་འདི་བྱམས་སྙིང་རྗེས་ལྡན་པའི་མི་རིགས་ཤིག་ཡིན་ཀྱང་། སྙིང་རྗེ་དང་རྒྱུ་འབྲས་ཀྱི་གནད་དོན་གསལ་པོར་རྟོགས་མེད་པས་རེད། གཉིས་ནས་བཤད་ན། འབྱུང་ཁུངས་གཙོ་བོ་དེ་ཤེས་རིག་དང་ཁ་བྲལ་ཐབས་མེད། ང་ཚོས་རྒྱུན་དུ་ཡར་དཀོན་མཆོག་ལ་མཆོད་པ་ཕུལ། མར་ངན་སོང་ལ་སྦྱིན་པ་བཏང་ཡང་། སྙིང་རྗེའི་འབྱུང་ཁུངས་གཙོ་བོ་དེ་ཤེས་ཀྱི་མེད་པས་རེད། དེའི་སྐོར་ལ་ངས་ཀྱང་སྡེ་པ་འདིའི་སྐྱེས་པ་ཞིག་དང་བགྲོ་གླེང་བྱུང་། ཁོས་ཟེར་ན། དེ་སྔོན་ཕན་ཚུན་འཐབ་འཛིང་བྱས་ནས་སུ་རྣམ་པར་རྒྱལ་ཡང་། མི་དེ་ནི་ཕོ་རྒོད་ཞིག་ཏུ་བརྩི་བཞིན་འདུག དེང་སྐབས་སྤྱིའི་ཆ་ནས་འདྲ་གི་མི་འདུག གང་ཡིན་ཟེར་ན་དེང་སྐབས་འཐབ་འཛིང་བྱས་ཚེ་མི་ཚང་མས་ཐ་ཤལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག དེའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་མིན་ངས་ཀྱང་གསལ་པོ་ཤེས་ཀྱི་མི་འདུག་ཅེས་བཤད་བྱུང་། རེད་ཨང་། སྔོན་དང་ད་ལྟའི་དབར་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། དེང་སྐབས་རིག་པས་བདེན་པ་སྐྱོང་བའི་དུས་ཚིགས་ཤིག་ཡིན་དུས། མི་དང་མིའི་དབར་ལ་འདྲ་མཉམ་དང་། ཚང་མ་བདེན་པའི་མདུན་དུ་མགོ་བོ་སྒུར་དགོས་པས་རེད། མི་ཞིག་ཆ་མཚོན་ན། ཤེས་རིག་མེད་ན་དེ་ནི་ཧ་ཅང་གི་སྐྱོ་དགོས་པའི་གནས་སྟངས་ཤིག་རེད། ཤེས་བྱ་རིག་གནས་མེད་ཙང་གནས་བབས་འདི་ལྟར་ཡོང་གི་ཡོད། ཁྱེད་ཚོའང་གཅིག་པ་རེད་ཤེས་རིག་ཡག་པོ་མ་སྦྱངས་ན། ཡོང་གི་མ་རེད། ཁྱེད་ཚོས་ཡོན་ཏན་ཡག་པོ་སྦྱངས་ནས་ཕ་མ་དང་ཡུལ་མི་ཚོར་སློབ་གསོ་རྒྱག་དགོས། དེ་ལྟར་བྱུང་ན། རིམ་གྱིས་ཡར་རྒྱས་འགྲོ་གི་རེད། ཧ་གོ་སོང་ངམ། ཧ་གོ་སོང་རྒན་ལགས། བྱས་ན་ཤེས་བྱ་རིག་གནས་མེད་ན་ཡོང་གི་འདུག་གམ། ཡོང་གི་མི་འདུག འཐབ་འཛིང་བྱེད་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་འདུག ཤེས་བྱ་ཡོན་ཏན་ལ་ཐུག་འདུག མི་ལ་ཡོན་ཏན་མེད་ཙང་འཐབ་འཛིང་དང་། དགྲ་ཤ་ལེན་པའི་གནས་སྟངས་སྐྱོ་བོ་དེ་ཡོང་གི་འདུག གལ་སྲིད་ཤེས་བྱ་ཡོན་ཏན་ཡོད་ན། དེ་འདྲ་ཡོང་བ་མི་འདུག་རྒན་ལགས། ཡ་ཡ། རང་གིས་ངེས་ཤེས་ལེགས་པོ་འདྲོངས་འདུག སློབ་ཕྲུག་ཚང་མས་སློབ་མ་ཀརྨར་མིག་དཔེ་བལྟས་ནས། རྒྱུན་དུ་བསམ་གཞིག་ཡག་པོ་བྱས་ན། རང་ཉིད་ཀྱི་རྣམ་དཔྱོད་ཡར་རྒྱས་ཡོང་གི་རེད། འོ་ལགས་སོ། རྒན་ལགས། གཟའ་འཁོར་རྗེས་མར་ཉིད་ང་ཚོའི་སྡེ་པར་ཕེབས་ཤོག་གསུངས་བྱུང་། ང་ངེས་པར་དུ་ཡོང་གི་ཡིན། དོ་ནུབ་ཕྱི་པོ་ཆགས་འདུག ཁྱེད་ཚོ་སྔ་ཙམ་གཟིམས་ཤིག ང་ཡང་མལ་ཁང་དུ་ངལ་གསོ་བར་འགྲོ་གི་ཡིན།
མུ་འགོད།
རྩོམ་གསར། 10