ཕྱིང་རྫ་བསྟན་འཛིན། 2016-12-19
གྲྭ་བཙུན་དེ་གསུམ་གྱི་ཕ་ཡུལ་གཅིག་ཡིན་ལ་ལོ་ན་ཆུང་དུས་ནས་བཟུང་རང་རང་གི་ཕུགས་འདུན་གྱི་ཆེད་དུདགོན་པ་ཕྱོགས་གཉིས་ན་གཏན་སྡོད་བྱས་ཡོད། ཁོ་ཚོའི་ཕ་ཡུལ་གཅིག་ཡིན་པར་མ་ཟད་སློབ་ཆུང་ནས་བཟུང་དགེ་རྒན་གཅིག་གི་སློབ་མ་བྱས་ནས་ལོ་ངོ་དྲུག་བདུན་ཙམ་ལ་སྐྱིད་སྡུག་མཉམ་མྱོང་བྱེད་མྱོང་། དེ་ལྟར་ཁ་བྲལ་ནས་ལོ་ངོ་བརྒྱད་ཙམ་ཕྱིན་པའི་དེ་རིང་། གློ་བུར་དུ། ཁོ་ཚོ་ལྷན་འཛོམས་བྱུང་བའི་སྟ་གོན་བྱས་ཤིང་། དགའ་བ་འབུམ་གྱིས་མྱོས་ཏེ། ཕན་ཚུན་ལ་ཁ་པར་ལས་སེམས་གཏམ་བརྗོད་པ་དང་། ལྷན་འཛོམས་ཀྱི་ཉི་མ་གཏན་འཁེལ་བྱས་པ་རེད། ཕྱི་ཉིན་ཕ་གའི་དགོན་པ་དེའི་ཐར་མང་ཅན་ནས་མགྲོན་བསུ་བྱེད་པར་རང་ནུས་གང་ཡོད་ཀྱིས་གྲ་སྒྲིག་ལེགས་པོ་བྱས་ཤིང་། དགོན་པ་དེའི་ཉེ་འདབས་ཀྱི་རྫོང་ཐོག་ཏུ་ཕྱིན་ནས་ཁོ་གཉིས་ལ་སྒུག ཁོ་གཉིས་ནས་ཀྱང་རང་སེམས་མཚོན་བྱེད་རེ་བཟུང་ནས་དགོན་པ་དེ་གའི་ཉེ་འདབས་ཀྱི་རྫོང་ཐོག་ཏུ་ཕྱིན། སྤྱིར་ན་བསམ་མིང་ཅན་ནི་མི་བབ་ཆགས་ཤིག་ཡིན་མོད། ཉིན་མོ་དེར་རྒྱུན་ལྡན་དང་མི་འདྲ་བའི་གནས་ཚུལ་སྣ་ཚོགས་བསྟན་ཀྱང་། བསྟན་མིང་ཅན་ནས་བཏང་སྙོམས་སུ་བཞག འདི་ལྟར་དགོན་པ་དང་ཇེ་ཉེར་ཕྱིན་ཡང་། བསམ་མིང་ཅན་གྱིས་རང་གི་ཉེན་ཁ་དེ་ཅི་ལྟར་ཤེས། ད་དུང་དགའ་སྤྲོ་དང་བཅས་ཏེ་བསྟན་མིང་ཅན་དང་ལྷན་དུ་ཁོའི་གམ་དུ་ཕྱིན་སོང་། ཐར་མིང་ཅན་ཀྱང་གདོང་ལ་འཛུམ་གྱིས་ཁེངས་ཏེ་ཁོ་གཉིས་ལ་ལག་འཇུ་རེ་བྱས་རྗེས་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་ནས་ཐར་མིང་ཅན་གྱི་གྲྭ་ཤག་གི་ཕྱོགས་སུ་སོང་། ལམ་བར་ན་སྟོན་མཇུག་གི་ལོ་མ་སེར་བོས་ཁེབས་ཤིང་། སྡོང་བུ་དག་གིས་སྨྲེང་སེམས་ཀྱི་གདུང་བ་སེམས་སུ་ཤོང་གིན་མེད་པར་མཐོང་རྗེས། བསྟན་མིང་ཅན་ཕྱིར་དྲན་གྱི་ཀློང་ལ་ཆས་ཤིང་། ཁོ་ཚོས་སློབ་ཆུང་གི་འཚོ་བ་དག་གློག་བརྙན་བཞིན་ཡིད་ལ་འཁོར་བྱུང་། སྐབས་དེར་ཏག་ཏག་རླངས་འཁོར་ཡང་སྡོད་སར་སླེབས་བྱུང་ལ། རླངས་འཁོར་ལས་བབས་མ་ཐག་མདུན་ཕྱོགས་སུ་གོམ་གང་སྤོས་ན་ཁོའི་གྲྭ་ཤག་གི་སྒོ་རེད། ད་ནི་དངོས་གནས་བསམ་མིང་ཅན་དེ་རི་དྭགས་རྙི་ལ་ཚུད་པ་ལྟར་ཁྱིམ་དུ་ལོག་ཅིང་ཆེ་ཚུགས་རི་འདྲ་བ་ཞིག་བསྟན་ནས་སྐད་ཆ་རྫིག་པོ་འགའ་བསྟུད་མར་ལབ་བྱུང་། ཡིན་ཡང་གཞན་གཉིས་ནས་ཁོ་ལ་མི་དགའ་བའི་རྣམ་འགྱུར་གང་ཡང་མ་བསྟན། དེ་ནས་ཐར་མང་བས་ཁོ་གཉིས་ལ་ཇ་དྲངས་ཤིང་ཁོའི་གནས་བབས་དང་འབྲེལ་བའི་དགོན་པ་དེའི་ཆོས་འཆད་ཉན་གྱི་སྐོར་ཅུང་ཙམ་གླེང་། ཉི་མ་ཡང་ནུབ་ལ་ཉེ་ཞིང་། བསམ་མིང་ཅན་གྱི་ཉེན་ཁ་ཡང་ཐོན་ལ་ཉེ་བས་སྐབས་འདིར་ཐར་མིང་བས་དགུང་ཇ་སྐོལ་གྲབས་བྱས། ཁོས་རྒྱུན་ལྡན་ལྟར་རང་གི་ལག་ཟས་ལ་ཡིད་ཆེས་བགྱིས་པའི་སྒོ་ནས་ཞོག་ཁོག་བརྔོས་མ་སོགས་སྔོ་ཚོད་གང་ཞིམ་འགའ་བཟོས་ཏེ་ཁོ་ཚོའི་མདུན་དུ་བཞག འདི་ནི་ཕལ་ཆེར་ཁོ་ཚོས་ཡུན་རིང་ཞིག་ལ་རོལ་མ་མྱོང་བའི་མཉམ་ཟ་མཉམ་འཐུང་དེ་ཡིན་སྲིད། སྐབས་དེར་བསྟན་མིང་ཅན་ལ་རྒྱང་རིང་ནས་ཁ་པར་ཞིག་བསླེབས་ནས་ཟ་མ་བཟའ་བར་བར་ཆད་ཅུང་ཙམ་བྱས། བསམ་མིང་ཅན་གྱི་གོ་སྐབས་དེ་དང་བསྟུན་ནས་དཔའ་བོ་ཞིག་གཡུལ་ལ་ཆས་པ་དང་འདྲ་བར། འབྲས་དཀར་ཡོལ་གསུམ་དང་སྔོ་ཚོད་སོགས་མིག་གིས་བལྟར་མི་བཟོད་པ་ཞིག་བཟས། ད་ནི་སོས་དལ་ངང་ངལ་གསོ་ཞོར་ལ་ཁ་བརྡ་བྱེད་སྐབས་བསམ་མིང་བས་སྐད་ཆའི་མཚམས་བཅད་ནས་དགོད་གཏམ་ཞིག་བཤད་རྩིས་བྱས། ད་ནི་དཔའ་བོ་དེ་གཡུལ་ལས་ཕམ་དགོས་པ་སུས་ཤེས། སྐད་ཆའི་འགོ་གླེང་བ་དང་ཕོ་བའི་ནང་གི་འཁོར་རྒྱུག་ཅུང་མ་འགྲིག་པས། གློ་བུར་དུ། འོག་ནས་སྒྲ་ཆེན་ཞིག་གྲགས་ཤིང་གྲྭ་ཤག་གི་ཕྱི་ནང་ཀུན་ཏུ་དྲི་ངན་བཟོད་དཀའ་བ་ཞིག་འཐུལ་བྱུང་། འདི་ལྟར་བསམ་མང་བས་ཁོ་ཚོས་ལྷན་འཛོམས་ལ་བཀྲ་ཤིས་དྲུག་འགྱོག་དང་དྲི་ངན་མགོ་ན་བ་ཞིག་ཕུལ།།
རྩོམ་གསར། 10