གཉེན་རྟགས།

ཟླ་གཞོན།        2016-12-10

      ཟླ་བ་དེ་འདྲ་གསལ་རྒྱུ་མེད་པའི་མཚན་མོ་ཞིག་ལ་རྒྱ་རིགས་ཕོ་མོ་དེ་གཉིས་ཡང་བསྐྱར་གྲོང་ཁྱེར་དཀྱིལ་གྱི་གླིང་ཀ་དེར་འཛོམས་བྱུང་།

      ཁོ་གཉིས་ལ་གྲོང་ཁྱེར་འདི་ནས་ལོ་ངོ་མང་པོའི་བརྩེ་དུང་གི་གཏམ་རྒྱུད་རིང་མོ་ཞིག་ཡོད་པ་དང་དགོང་མོ་དེར་ཁོས་རྒྱ་སེ་མེ་ཏོག་དམར་པོ་དགུ་དགུ་གྱ་གཅིག་ཙམ་ཞིག་བཟུང་ནས་མོའི་མདུན་ནས་པུས་མོ་གཡས་པ་སར་བཞག་ནས་སེམས་ལ་ཡུན་རིང་ཉར་བའི་དྲི་བ་དེ་བཏོན་བྱུང་།

     “སྙིང་ཉེ་མ   ཁྱོད་ངའི་ཆུང་མ་བྱེད་པར་ཡིད་འཐད་ཡིན་ནམ

      གསལ་རྒྱུ་མེད་པའི་ཟླ་འོད་སིལ་དམར་གྱི་སྡོང་བོ་ཆེན་པོའི་སྟེང་དུ་ཕོག་པ་དང་སྡོང་བོའི་གྲིབ་མ་ཁོ་གཉིས་ཀྱི་ལུས་ལ་ཕོག་པས་གསལ་བོ་ཞིག་སུས་ཀྱང་མི་མཐོང་མོད།   མོའི་མགོ་བོ་དལ་བུར་      བྲང་ཁར་འཁྱོགས་བཞིནཨུནང་ཡིད་འཐད་ཡིནཞེས་བཤད་པའི་ངག་གི་གདངས་ལ་ཉན་ན། འགྲམ་པའི་མཁུར་ཚོས་ཟུང་ལས་ལི་ཁྲིའི་མདངས་ཀྱི་འོད་འཚེར་བ་དང་ཡ་ཆུང་གི་སྙིང་ཆུང་དམར་པོ་དབུགས་ཀྱི་འབྱིན་རྔུབ་དང་བསྡེབས་ནས་དྲག་ཏུ་ལྡང་བཞིན་པ་གསལ་རྗེན་ནེར་རྟོགས་ཐུབ།

      “འདི་ནི་ངའི་ཨ་མ་ཚེ་ལས་འདས་སྐབས་ཁོ་མོའི་མནའ་མར་བཞག་པའི་ལེགས་སྐྱེས་རེད

      ཁོ་སྐད་གདངས་ལ་སྐྱོ་གདུང་འདྲེས་མའི་ཉམས་ཤིག་མངོན་བཞིན་གསེར་གྱི་མཛུབ་དཀྲིས་རྡོ་རྗེ་ཕ་ལམ་གྱི་ཕྲ་ཅན་ཞིག་མོའི་ལག་གཡོན་པའི་སྲིན་མཛུབ་སྟེང་དལ་བུར་བསྐོན་བྱུང་། ཁོ་གཉིས་ཀྱིས་ཤེས་གསལ་ལྟར་ཁོ་བོར་རྒྱུ་དང་འབྱོར་བ།  དབང་ཐང་སོགས་ཅི་ཡང་མེད་ཀྱང་། ལྷད་མེད་པའི་བརྩེ་དུང་ཟབ་མོ་དེས་མོའི་སྙིང་རྗེ་བའི་ལག་པའི་སྲིན་མཛུབ་སྟེང་གི་གསེར་གྱི་མཛུབ་དཀྲིས་དེར་སྔར་ལས་བཀྲག་མདངས་རྒྱས་པར་བྱས་ཡོད་ལ་སྐབས་དེའི་མོའི་མིག་མདངས་ནང་གི་བདེ་སྐྱིད་ཀྱི་འོད་སྣང་དེའི་རྒྱུ་དང་འབྱོར་བ་དབང་ཐང་སོགས་ཀྱང་ཟིལ་གྱིས་གནོན་འདུག

      རྒྱ་རིགས་ཕོ་མོ་དེ་གཉིས་ལ་ལོ་ངོ་ལྔ་ཡི་བརྩེ་དུང་ཡོད་ལ་མོའི་རེ་བ་བྱེད་ས་བབས་ཆགས་ཀྱི་འཚོ་བ་དང་ལྷད་མེད་པའི་བརྩེ་དུང་ཡིན་ལ་རྒྱུ་དང་ལོངས་སྤྱོད་བཙལ་ཀྱང་རྙེད་ལ། བརྩེ་དུང་མེད་ན་རྒྱུ་དང་འབྱོར་བ་ཅི་ཙམ་ཡོད་ཀྱང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་གཏན་ནས་མིན་པར་འདོད་ཡོད།

      དེ་རིང་ཚ་བ་ཧ་ཅང་ཆེ་བས་མི་ཐམས་ཅད་སྡོང་བོའི་གྲིབ་བསིལ་འོག་ཏུ་འཛུལ་ནས་རང་རང་གི་འདོད་མོས་ལྟར་ཁ་བརྡ་སྣ་ཚོགས་ཞིག་བྱེད་བཞིན་འདུག    ཁོ་གཉིས་ཡང་བསྐྱར་ཐེངས་སྔོན་མའི་དུས་བཅད་བཞིན་གླིང་ཀ་དེར་འཛོམས་སོང་།    ཁོ་གཉིས་གཏན་དུ་ཁ་གྱེས་སྐབས་ཁོར་ཐོབ་པ་ཤོག་ལེབ་གྲུ་བཞི་མ་ཞིག་གི་ལག་སྐྱེས་ལས་ཡོད་ཚད་ཆར་རྗེས་ཀྱི་འཇའ་ཚོན་ལྟར་ཡལ་སོང་། ཁོས་མིག་མཐའ་མཆི་མ་འཁྱིལ་ལེར་རྒྱང་ནས་རྒྱང་ལ་བཞུད་པའི་མོའི་རྒྱབ་གཟུགས་ལ་ཅེར་ནས་གྲགས་འགུལ་མེད་པར་ཡུན་རིང་ལ་ལུས་སོང་།  མཇུག་མཐར་ཤོག་ལེབ་དེའི་སྟེང་གི་ཡི་གེ་དེ་ཡང་བསྐྱར་ཐེངས་གཅིག་བཀླགས 

      “ཁ་སང་ང་རང་ཨ་ནེ་ཚང་ལ་སོང་ནས་གཉེན་སྒྲིག་གི་དོན་དག་བཤད་སྐབས།  ཨ་ནེ་ཡིས་མཛུབ་དཀྲིས་དེ་མཐོང་མ་ཐག་ཉིན་འགའི་སྔོན་ལ་རྐུན་མ་ཞིག་གིས་སྲང་ལམ་ནས་འཕྲོགས་སོང་བའི་ཁོའི་གཉེན་སྒྲིག་སྐབས་ཀྱི་མཛུབ་དཀྲིས་རེད་ཟེར།  ངས་ཁྱོད་ཀྱི་འདྲ་པར་བསྟན་དུས་ཁྱོད་ཡིན་པ་ཐག་གིས་བཅད་སོང་།  ངས་ཁྱོད་དེ་འདྲ་ཞིག་ཡིན་པ་ཀླད་པའི་རྒྱུད་ལའང་དྲན་མ་མྱོང་།  ཁྱོད་ངོ་མ་ཁྱི་ཞིག་ལའང་དོ་མི་འདུག

      ཁོར་ཉེན་རྟོགས་པ་བཞི་ཡིས་ལག་ལྕགས་རྒྱབ་བྱུང་། དེ་དུས་ད་གཟོད་རང་ཉིད་འཛིན་བཟུང་བྱས་པ་གཞི་ནས་ཚོར།།


  • ལེ་ཚན་སྔོན་མ།:ང་མོ་བ།
  • ལེ་ཚན་རྗེས་མ།:ལོ་ཆུང་གྲྭ་བཙུན་གསུམ་ལྷན་འཛོམས་ཀྱི་གྲོས་འཆམ་བྱུང་བ།