ང་མོ་བ།

བོད་ཀྱི་གསང་བ།        2016-12-08

      ཉིན་དེར་ང་རང་སློབ་གྲྭའི་ནུབ་སྒོ་ནས་མལ་ཁང་དུ་འགྲོ་བའི་ལམ་བར་དུ་འགྲོ་བཞིན་པའི་སྐབས་སུ། ལག་ཏུ་ཤོག་སྒམ་ཐེད་པོ་བཟུང་བའི་སློང་མོ་བ་རྒས་འཁོགས་ཤིག་གིས་ངའི་མདུན་བཀག་སྟེ་ང་ལ་མཐེ་བོ་སྟོན་བཞིན་སྦྱིན་པ་གཏོང་རོགས་ཞེས་སྐད་ཆ་སྙིང་ཉེ་བ་ཞིག་བཤད། ལུས་ཀྱི་ཟུངས་ཟད་ཅིང་མིག་མཐར་མཆི་མའི་གཡོགས་པའི་མིག་ཟུང་། ནག་ཤིག་ཤིག་ཏུ་གྱུར་བའི་མཆུ་སྒྲོས། ཧྲལ་ཧྲུལ་དུ་གྱུར་བའི་གྱོན་གོས། སྐྱ་བོར་གྱུར་བའི་ངོ་གདོང་། དབུལ་ཕོངས་ཀྱིས་མི་ལས་ངན་འདིར་ཅི་འདྲའི་མནར་གཅོད་ཅིག་བཏང་ཡོད་ཨང་། ཁོས་སྐམ་ཞིང་རིད་པའི་ལག་པ་བཙོག་པོ་གཉིས་ངའི་ཕྱོགས་སུ་བསྲིངས་བྱུང་། ཁོས་སྨྲེ་ངག་དང་བཅས་སྐད་ཆ་ལྡབ་ལྡིབ་ཀྱིས་ང་ལ་སྙིང་རྗེ་སྒོམ་དང་ཞེས་ཟེར་ཞོར་བདག་གི་ལག་པར་འཇུས་བྱུང་། ངས་དེ་མ་ཐག་རང་གི་ཨམ་ཕྲག་ཡོད་ཚད་མྱུར་བསྔོགས་བྱེད་པ་ན་ལག་ཏུ་སྒོར་ཅི་ཡང་བཟུང་མི་འདུག ཐ་ན་སྐད་ཆ་ཡག་ཤོས་ཤིག་ཀྱང་ཁ་ནས་བཤད་མ་ཕོད་ལ་ཧ་ཅང་བྲེལ་ཚུབ་གྱི་གནས་སུ་བསྐྱལ། ཡིན་ཡང་། སློང་མོ་བས་ཡར་ལངས་ཏེ་ང་ལ་བསྒུགས་འདུག ངའི་སྒོར་ལ་བསྒུགས་འདུག   ཁོའི་བསྲིངས་པའི་ལག་པ་དང་མགོ་བོ་འདར་ཚད་དེ་ཡང་སྔོན་དང་བསྡུར་ན་ཇེ་མགྱོགས་སུ་ཕྱིན་འདུག ང་རང་དངོས་ནས་ཐབས་མེད་པར་གྱུར་ཞིང་འགྲོ་ཡང་མི་ཕོད་པའི་གནས་སུ་བརྫངས་བྱུང་བས་འདར་སིག་སིག་གི་སྤྲང་བོ་རྒན་པོའི་ལག་པ་བཙོག་པོ་དེ་ལག་པ་ལ་མི་འཇུས་རང་འཇུས་རེད། དངོས་ནས་དགོངས་པ་མ་ཚོམ་སྤུན་ཟླ་ངས་དེ་རིང་དངོས་ནས་ལག་ཏུ་སྒོར་བཟུང་མི་འདུག  བདག་གིས་སྐད་ཆ་དེ་བཤད་མ་ཐག་སློང་མོ་བས་ང་ལ་ཧྲིག་གེར་ཅེར་པ་དང་མཉམ་དུ་འཛུམ་མདངས་ཤིག་ཕྱིར་ཕྱུང་ཞིང་ཁོའི་ངའི་གྲང་ཤུར་ཤུར་གྱི་ལག་པ་ཡུན་གྱིས་ལྷོད། མི་སྐྱོན་སྤུན་ཟླ་ལགས། ཁོས་སྐད་གདངས་དམའ་བའི་ངང་ང་ལ་ལྡབ་ལྡིབ་ཀྱིས་བཤད་རྒྱུར་འདིའི་ཆེད་དུ་ཡང་ཁྱེད་ལ་བཀའ་དྲིན་ཞུ་འོས་ཏེ། སྐར་ཆ་བཅུ་ཡས་མས་ང་ལ་འདུག་རོགས་བྱས་ཏེ་ཁ་བརྡ་བྱེད་པ་དེ་ཡང་སྦྱིན་པ་རེད།  སྤུན་ཟླ་ལགས། དུས་དེ་ནས་བཟུང་ངས་རྟོགས་སོང་། ང་ལའང་ངའི་སྤུན་ཟླའི་སྦྱིན་པ་ཐོབ་སོང་།


  • ལེ་ཚན་སྔོན་མ།:ཤག་སྒྲའི་ཁྲོད་ཀྱི་མཚན་མོ།
  • ལེ་ཚན་རྗེས་མ།:གཉེན་རྟགས།