ཤག་སྒྲའི་ཁྲོད་ཀྱི་མཚན་མོ།

མར་ཁུ་རྒྱལ་མཚན།        2016-11-07

ཁོ་རང་ནང་དུ་བསླེབས་མ་ཐག   ཆུང་མས་ཁོས་མགོ་ནས་མཇུག་བར་ཞིབ་ལྟ་ཞིག་བྱས་རྗེས་ཁོ་ལ་སྡང་མིག་ཅིག་བགྲད།  ཁོས་ཆུང་མའི་གདོང་ལ་ལྟ་ཙམ་ཡང་མི་བྱེད་པར་གོམ་པ་འཁྱར་འཁྱོར་སྤོ་བཞིན་ཐད་ཀར་ཆུང་མས་ཁ་གཏད་ན་ཡོད་པའི་འབོལ་ཁྲིའི་སྟེང་དུ་ལྗིད་ཏིག་གེར་ཙོག  ཡུད་ཙམ་འགོར་རྗེས།  ཆུང་མས་སེམས་ལ་ཅི་ཞིག་དྲན་པ་ལྟར་སླར་ཡང་ཁོ་ལ་སྡང་མིག་ཅིག་བགྲད། ས་རུབ་ནས་རྒྱང་མིག་ཆད་པའི་དུས་ལ་བསླེབས་འདུག་ཅིང་།  ཁང་མིག་ནང་གི་གློག་འོད་སྔར་ལས་གསལ། “ཉི་མ་འདི་ཚོར་ཁྱོད་གང་དུ་སོང་བ་ཡིན་”གློ་བུར་དུ།  ཆུང་མས་ངོ་གདོང་དམར་པོར་འགྱུར་བཞིན་ཁོ་ལ་དེ་ལྟར་དྲིས།
ཁོ་ཁ་རོག་གེར་བསྡད།
“ཝེ། ཉིན་འགའི་སྔོན་ལ་ཁྱོད་ཚོའི་ལས་ཁུངས་ཀྱི་ ཅུས་ཀྲང་འུ་ཚང་ལ་ཡོང་ནས་ཁྱོད་ཀྱི་སྐྱོན་མང་པོ་ཞིག་བཤད་བཤད་རྗེས་མཇུག་མཐར་ཁྱོད་ནི་བཤད་མི་ཤེས་པའི་མི་ཞིག་རེད་ཟེར། ངས་བལྟས་ནའང་ཅུས་ཀྲང་གིས་བཤད་པ་འཆུག་མི་འདུག”
ཁོ་སྔར་བཞིན་ཁ་རོག་གེར་བསྡད།
ཡུད་ཙམ་འགོར་རྗེས།  ཆུང་མས་སེམས་ལ་ཅི་ཞིག་དྲན་པ་ལྟར་“གལ་ཏེ་དོ་དགོང་ཁྱོད་ཀྱིས་ངའི་མདུན་ནས་ཆང་མ་བཅད་ན། སང་ཉིན་སྔ་དྲོ་འུ་གཉིས་འཐོར་བ་ལས་ཐབས་མེད”ཟེར་བཞིན་ངོ་གདོང་ལག་པས་བཀབ་ནས་ངུ་འགོ་བརྩམས་བྱུང་།
ཁོ་ངུ་དགོད་ཅིག་བྱས།
“ཅི་རེད།ཁྱོད་མི་འཐད་དམ”།། ཆུང་མའི་མིག་ཀོང་ན་མིག་ཆུ་རྡོག་གཅིག་ཀྱང་མི་འདུག
ཁོས་མགོ་སྒུར་ནས་ཅི་ཞིག་ལ་བསམ་བློ་གཏོང་ བཞིན་འདུག་ཅིང་། ཁོ་ནི་ཧྥ་རན་སིའི་རླབས་ཆེ་བའི་འཇིམ་བརྙན་བཟོ་མཁན་ལོ་ཏན་གྱིས་བཞེངས་པའི་བསམ་གཞིགས་གནང་མཁན་ཞེས་པའི་འཇིམ་བརྙན་དེ་དང་གཉིས་སུ་མི་འདུག
“ཤག་—ཤག”
སྡོང་ལོ་ཞིག་སྒེའུ་ཁུང་གི་འགྲམ་ལ་ལྷུང་།
“ད་ཐེངས་ང་དངོས་གནས་ཐག་རིང་ལ་ཆས་འོས”གློ་བུར་དུ། ཁོས་ཁེར་བཤད་ཅིག་བརྒྱབ།
“གང་དུ”ཆུང་མས་གཉིད་ལས་སད་པ་ལྟར་ཁོའི་གདོང་ལ་ཅེར་འདུག
“སུན་སྣང་དང་སྐྱོ་གདུང་མེད་པའི་ལྷིང་འཇགས་ཀྱི་ཞིང་ཁམས་ཤིག་ལ”“གནས་དེ་གང་ན་ཡོད་དམ”
“ཁྱོད་མ་ཤི་ན་ཁྱོད་ཀྱིས་ཤེས་མི་སྲིད”
“……”
ཁོ་ཡར་ལ་ལངས་མ་ཐག་ཆུང་མས་མྱུར་དུ་“ཝེ།ཡང་ཁྱོད་གང་ལ་འགྲོ་རྒྱུ་ཡིན་”ཞེས་དྲིས།  ཁོས་ཤུགས་རིང་ཞིག་ཕྱུང་རྗེས་གོམ་པ་འཁྱར་འཁྱོར་སྤོ་བཞིན་ཕྱི་རོལ་དུ་ཆས།
“ཤག—ཤག”
སྡོང་ལོ་ཞིག་སླར་ཡང་སྒེའུ་ཁུང་གི་འགྲམ་ལ་ལྷུང་……
“ཐག་ཐག་ཐག”
“སུ་ཡིན”ཁོ་མོས་ཡུད་ཙམ་ལ་ཨོང་ཤ་རྐུབ་སྟེགས་ཀྱི་ངོས་ལ་འབྱར་ཡོད་པ་ལྟར་ཙོག་ནས་དྲིས།
“གཡུ་སྒྲོན་ང་ཡིན་ཡ”སྐད་མགོ་ཧ་ཅང་དམའ།
“ཁྱོད་སུ་ཡིན”ཁོ་མོས་ཁྲོ་གཉེར་བསྡུས་ནས་བསྡད།
“ང་ཡིན་ཡ་གཡུ་སྒྲོན”སྐད་མགོ་སྔར་ལས་ཅུང་ཟད་མཐོ།
ཁོ་མོས་སྒོ་ཕྱེ་རྗེས་ད་གཟོད་སྐད་མགོ་ཇེ་དམའ་རུ་བཏང་ནས“ཅུས་ཀྲང་ཁྱོད་ཡིན་ནམ།  ཐུགས་རྒྱལ་མ་བཞེངས།” ཟེར་བཞིན་ཅུས་ཀྲང་ནང་ལ་བསུས་ཤིང་ནང་ཟྭ་དམ་པོར་བརྒྱབ་ནས་ཅུས་ཀྲང་འབོལ་ཁྲིའི་སྟེང་ལ་ཙོག་ཏུ་བཅུག   ཅུས་ཀྲང་གིས་རྐུན་མ་ཞིག་དང་འདྲ་བར་ཁང་བའི་ནང་ལ་ཡར་བལྟ་མར་བལྟ་ཞིག་བྱས་རྗེས་“ཁོ་གང་ལ་བུད་སོང”ཞེས་དྲིས།
“ཕྱི་རོལ་དུ།  ”ཁོ་མོའི་གདོང་ལ་འཛུམ་ཉི་མ་ལྟ་བུ་ཞིག་མངོན་འདུག
“འོ་ན།  ཁོ་དོ་དགོང་ཡུལ་ལ་ཡོང་ངམ”
ཁོ་མོས་གདོང་གི་འཛུམ་ཡལ་དུ་མ་བཅུག་པར་མགོ་བོ་འཕྲེད་དུ་གཡུག་གཡུག་བྱས།
“ཅིའི་ཕྱིར”ཅུས་ཀྲང་གི་གདོང་ལའང་རིམ་བཞིན་འཛུམ་ཉི་མ་ལྟ་བུ་ཞིག་མངོན་བྱུང་།
“ཁོས་ཁོ་རང་སུན་སྣང་དང་སྐྱོ་གདུང་མེད་པའི་ལྷིང་འཇགས་ཀྱི་ཞིང་ཁམས་ཤིག་ལ་འགྲོ་རྒྱུ་ཟེར”
“འོ་ན།  གནས་དེ་གང་ན་ཡོད་དམ”
ཁོ་མོས་“ངས་མ་ཤེས”ཟེར་བཞིན་ལོབས་ཕྱོགས་ ཀྱིས་ཅུས་ཀྲང་གི་སྐེ་ལ་འཐམས། ཅུས་ཀྲང་གིས་ཀྱང“འོ་ལོས། གནས་དེ་འུ་གཉིས་ལ་འབྲེལ་བ་སྤུ་ཙམ་ཡང་མི་འདུག་”ཟེར་བཞིན་ཁོ་མོའི་འགྲམ་པར་འོ་ཡིད་ཚིམ་པ་ཞིག་བྱས། ཡུད་ཙམ་འགོར་རྗེས། ཅུས་ཀྲང་གིས་ཡིད་ལ་ཅི་ཞིག་དྲན་པ་ལྟར་“གཡུ་སྒྲོན། ཁྱོད་ཀྱིས་ཁོ་ལ་འུ་གཉིས་འཐོར་ཞེས་ཨེ་བཤད”ཅེས་ཁ་གདངས་ནས་དྲིས།
“བཤད་ཟིན”
“འོ་ན། ཁོས་ཅི་ཟེར”ཅུས་ཀྲང་གིས་སྔར་བཞིན་ཁ་གདངས་ནས་དྲིས།
“ཁོས་ཅི་ཡང་མི་ཟེར་གི”
“གཡུ་སྒྲོན།  དྲང་མོར་བཤད་ན་ཁྱོད་ཁོ་ལྟ་བུའི་ཁུག་མའི་ནང་ན་ཤིག་མ་གཏོགས་མེད་པའི་རྩོམ་པ་པོ་ཞིག་གི་ཆུང་མ་བྱེད་པ་ལས་ངའི་གཡོག་མོ་བྱས་པའི་དབང་དུ་བཏང་ནའང་སྣང་བ་སྐྱིད་ཁོ་ཐག་ཡིན”
“འོ་ལོས།” ཁོ་མོས་ཀྱང་ཡིད་འཐད་པའི་རྣམ་འགྱུར་བསྟན།
“གཡུ་སྒྲོན།  ཁྱོད་ཀྱིས་ནམ་ཞིག་ཁོ་རང་ཡུལ་ལ་ཡོང་མ་ཐག་ཁོ་ལ་འུ་གཉིས་འཐོར་དགོས་ཞེས་བཤད་ནས་ཐག་གིས་ཆོད་དང་།  འུ་གཉིས་ཉི་བཟང་སྐར་བཟང་ཞིག་ལ་གཉེན་སྒྲིག་བྱེད”
ཁོ་མོས་སེམས་ཀྱི་སྤྲོ་སྣང་གནོན་མ་ཐུབ་པར་ཅུས་ཀྲང་གི་འགྲམ་པར་འོ་ཡིད་ཚིམ་པ་ཞིག་བྱས།
ཅུས་ཀྲང་གིས་ལག་པའི་མཁྲིག་མའི་སྟེང་གི་དུས་ ཚོད་འཁོར་ལོར་གཡས་བལྟ་གཡོན་བལྟ་ཞིག་བྱས་རྗེས་སེམས་ལྷོད་བབས་པ་ལྟར“གཡུ་སྒྲོན། ད་འུ་གཉིས་ངལ་ཞིག་གསོས་ན་ཇི་འདྲ་རེད”ཟེར།
ཁོ་མོས་ཀྱང་ཅུའུ་ཀྲང་གི་གདོང་ལ་བལྟས་བལྟས་རྗེས་ཅུས་ཀྲང་གི་ལག་པར་འཇུ་བཞིན་“འགྲོ   ངལ་གསོ་རུ་འགྲོ་”ཟེར།
“ཤག——ཤག”
སྡོང་ལོ་ཞིག་སླར་ཡང་སྒེའུ་ཁུང་གི་འགྲམ་ལ་ལྷུང་།

  • ལེ་ཚན་སྔོན་མ།:ཨ་མའི་གཅེས་ལོ།
  • ལེ་ཚན་རྗེས་མ།:ང་མོ་བ།