དེ་རིང་ཡང་བསྐྱར་དགེ་འདུན་ཆོས་འཕེལ་དྲན།

སྨིན་དབུས་པོ།        2013-09-03

ལུགས་མེད་སྲིད་ལ་ངོ་སྲུང་མི་ཤེས་རྣོ་ལྕགས་ངར་མའི་སྒལ་ཚུགས་ཅན། །
    བདེན་པའི་གནས་ལུགས་རྡོག་པས་མི་བརྫི་རྒྱུ་འབྲས་ཕྲ་མོའི་རྣམ་གཞག་ཅན། །
    གངས་ཅན་ཆོས་སྲིད་གནད་གསང་འཛིན་མཁས་ཤེས་རབ་གསེར་གྱི་ལྡེ་མིག་ཅན། །
 རྒྱལ་སྲས་དམ་པའི་དེ་ཉིད་རྫོགས་པའི་དགེ་འདུན་ཆོས་འཕེལ་གང་ན་བཞུགས། །
 
    གསེར་དངུལ་མ་བསགས་སྐྱེས་སྦྱང་རིག་པའི་རྒྱགས་ཕྱེ་ཁུར་ཏེ་ལམ་ལ་བུད། །
    འཕྲུལ་ལ་མ་བརྟེན་ཧི་མ་ལ་ཡི་རི་ཕྲེང་རྡོག་པས་འཕྲེད་དུ་བརྒལ། །
    རུས་རྐང་མ་བོར་རིགས་ཀྱི་བདེ་སྡུག་སྙིང་ལ་ཉལ་བའི་དྲིན་ལན་དུ། །
 སྐུ་ཚེའི་ཡོད་ཚད་ཉེན་ཁར་བསྐྱལ་བའི་དགེ་ཆོས་དྲན་ན་ཕངས་པ་ལ། །
 
    རིག་ལམ་ཚ་མོའི་དབལ་ཁ་མ་བཟོད་འཆལ་བོ་རེད་ཅེས་སྨད་ན་ཡང་། །
    ཐབས་འཕྲུལ་དཔལ་ལ་ཕྲག་པ་དོག་སྟེ་བོད་བཙོང་བ་ཞེས་བསྙོན་ན་ཡང་། །
    དྲང་ངེས་མ་མཐོང་ལྟ་ལོག་པ་ཞེས་སེམས་ཀྱི་གཏིང་ནས་སྨོད་ན་ཡང་། །
 དེ་རིང་བཞུགས་ན་ངོམ་རིན་ཡོད་པའི་བཌཱུར་བུམ་བཟང་ཅི་ལ་མིན། །
   དེ་རིང་ཡང་བསྐྱར་དགེ་འདུན་ཆོས་འཕེལ་དྲན།
 གངས་ཀྱི་རི་ན་གངས་སེང་དཀོན་ཞེས་སེང་གེ་དཀར་མོའི་ཕྱག་ཆ་ཅན། །
    བསྟོད་སྒྲུང་ཡོལ་བས་ལོ་རྒྱུས་སྒྲིབ་ཅེས་གེ་སར་སྐྱེས་བུའི་མི་གཤིས་ཅན། །
    འདི་ནས་ལོ་ངོ་དྲུག་ཅུའི་སྔོན་གཤེགས་དུས་རབས་གསར་བའི་བསམ་བློ་ཅན། །
 ཨ་མདོའི་གླེན་ཕྲུག་རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་དྲན་པ་ལ། །
 
    དགེ་འདུན་ཆོས་འཕེལ་ངེད་གཉིས་ཟེར་ནས་ཆང་ལབ་རྒྱག་མཁན་མང་བའི་ཉིན། །
    ང་དང་དགེ་ཆོས་འདི་ནས་མཚུངས་ཞེས་རང་ཐག་གཅོད་མཁན་བདོ་བའི་དུས། །
    གསེར་གྱི་ཐང་མའི་ཟུར་དངོས་རེ་དང་ཀླུ་སྒྲུབ་དགོངས་རྒྱན་ཆ་ཤས་རེས། །
 གཞལ་བྱའི་ཡུལ་ན་ཁྱེད་འདྲ་ཕར་ཞོག་ཁྱེད་ཀྱི་དྲི་ཙམ་སུ་ལ་བྲོ། །
 
    རང་གིས་རང་ཉིད་ཆེ་སར་འགོད་ཕྱིར་ལོ་རྒྱུས་རྫུན་དང་སྲེ་བའི་དུས། །
    ཐོབ་དང་གྲགས་པའི་ཆེད་དུ་དམིགས་ཏེ་མི་བྱེད་སྣ་གཅིག་བྲལ་བའི་སྐབས། །
    དབུ་མའི་ལམ་ན་དོན་གྱི་ཕྱུག་པའི་དགེ་འདུན་ཆོས་འཕེལ་ཁྱེད་འདྲ་ལ། །
 རིག་པའི་གནས་ཀུན་ཆགས་ཐོགས་བྲལ་ཞེས་འུད་ཀྱིས་བསྟོད་ཀྱང་ཆོག་ཆོག་ཡིན། །
   དེ་རིང་ཡང་བསྐྱར་དགེ་འདུན་ཆོས་འཕེལ་དྲན།
 སྲིད་ལ་ཆོས་གནོད་དཔལ་འབྱོར་ལམ་ཁ་འགག་འགྲོ་ཟེར་ནས་འབར་བ་ནས། །
    ཆོས་ལ་སྲིད་གནོད་ཐར་བའི་སྲོག་རྩ་དུམ་བུར་ཆད་ཅེས་སྤྱོ་བ་ལས། །
    ཐབས་མཁས་སྤྱོད་པའི་ལམ་སྣ་མ་ཟིན་གངས་ཅན་བོད་པ་རྒུད་པའི་དུས། །
 ཤན་འབྱེད་ཕྱོགས་སྟོན་སངྒ་དྷརྨ་སྲིད་འདིར་བཞུགས་ན་ཅི་མ་རུང་། །
 
    དགེ་ཆོས་རྣམ་ཐར་ཟུར་དངོས་མཇལ་གྱིན་འགྱོད་པའི་སྙིང་ཆུང་ལྡང་བ་ནས། །
    གང་གི་འདྲ་པར་ཧྲལ་ཧྲུལ་མཐོང་ན་ཧུ་ཤུ་ཤོར་བ་རྫུན་གཏམ་མིན། །
    སྐྱེས་བུའི་རིན་ཐང་ཤི་རྗེས་མ་གཏོགས་བསོད་ནམས་མིག་གིས་མི་མཐོང་བ། །
    གངས་ཅན་བོད་པའི་ལས་དབང་འདི་ལ་བསམ་གྱིན་བསམ་གྱིན་མཆི་མ་འཁྲུག །
  • ལེ་ཚན་སྔོན་མ།:མིག་གསུམ་པ།
  • ལེ་ཚན་རྗེས་མ།:བསགས་གྲུབ་ཀྱི་བདེན་པ།