རྒྱལ་མོ་ཚ་བ་རོང་།

འཇུ་སྐལ་བཟང་།        2013-12-06

དམར་པོ་རི་ཡི་མཐའ་སྐོར་དུ
ཕྲེང་བ་ཐང་ལ་འཕངས་པ་ལྟར
ང་ཚོ་འཕར་རྩ་གཅིག་ལ་དཔུང་གདང་བསྟར་རྗེས
བྲག་གི་སྲིན་མོའི་ནུ་རིན་དེ་འཚོལ་ཕྱིར
མཐའ་ནས་མཐའ་རུ་ཁད་ཀྱིས་གྱེས
གནམ་སའི་མཐའ་མཚམས་ནས་ཁྱོད་ཀྱིས་རྟ་ཁ་སྒོག་ཚེ
མདུང་རིང་གི་ཡུ་བ
ད་དུང་བོད་ལུག་གི་བལ་འཇམ་གྱིས་དཀྲིས་འདུག
                      ༢
དཔའ་རྒོད་གཡུལ་ལས་ལོག་ཚེ
གལ་ཏེ་རྟ་ཁ་ལེན་མཁན་མེད་ན•••••••••
                      ༣
རྟ་རྒོད་རྨིག་པས་རྡུལ་དམར་སློང་ཞིང་ཁྲབ་ཀྱི་བྱང་བུ་ཁྲག་གིས་གཤེར་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་ཐོར
ལྕགས་ཀྱི་ཐོ་ལོ་ལུམ་ཀླད་ལ་སྐོར་བཞིན་གྱད་ཀྱི་དམག་ཆེན་མདུན་ནས་འོང་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
མཚོན་གྱི་རྐྱལ་བ་རྩལ་གྱིས་སྒྲིལ་བཞིན་ལྗང་མོ་ལག་རིང་གདོང་ལ་མཚོང་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
མི་ལྤགས་དམར་པོའི་མདུང་དར་ཐོགས་པའི་ཤན་རྒོད་རུ་ཕྲེང་སྔུན་དུ་སྟར་ཉིན་རང་ཕུ་ནུའི་དཔུང་གདང་མ་འཐོར
སྟག་གཟིགས་ལྤགས་པའི་རྒྱལ་མཚན་སྒྲེང་ཞིང་ཝ་རྔ་དམར་པོས་སྡར་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
སྐྱིད་དང་ཤིན་ཏུ་སྐྱིད་པའི་རྒྱལ་རབས་དགའ་བའི་སྟོན་མོ་ལོ་བཅུར་བྱེད་ཚེ་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
སྡུག་དང་རབ་ཏུ་སྡུག་པའི་དུས་སྐབས་བཙན་པོའི་རུ་ཕྲེང་དུམ་བུར་ཆད་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
ཕ་མོས་དམར་ནག་རལ་ཁ་འཐབ་སྟེ་གཅིག་གི་བདེན་ཁ་གཅིག་གིས་འཕྲོག་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
ཕྱི་ཡི་སྣེ་ཤན་ནང་གིས་བྱས་ཏེ་རང་ཁྱིམ་འཐབ་མོ་སྡུག་གིས་སྐྱེལ་དུས་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
རྫས་ཞག་ནག་པོའི་སྤྲིན་ནག་ཁོལ་ཏེ་བཙན་རྫོང་ཟུར་དྲུག་ཁྲག་གིས་གཡོགས་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
དཔའ་བོའི་སྤར་ཁ་མཚོན་ལ་འཁྱིགས་པའི་གཡུལ་གྱི་བམ་རོས་རི་སྤྱང་སུན་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
ཡུགས་མོའི་སྡུག་སྐྲ་སྤར་མོས་འདྲད་ཅིང་དྭ་ལེའི་འོ་དོད་གནམ་ས་འགེངས་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
ཕས་རྒོད་རལ་བ་མར་ཁུས་བྱུགས་ཏེ་མེ་དཔུང་དམར་པོར་གསོན་སྲེག་བྱེད་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
དཔའ་རྒོད་དཔུང་བ་ཐག་པས་སྦྲེལ་ཏེ་གཤེད་མའི་དུར་མཚོན་སྐེ་ལ་ལྷུང་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
ཁྲམ་ཤིང་གྲུ་བཞི་གཉའ་བར་ཕབས་ཤིང་རྒྱང་འཕུད་ལམ་དུ་སྐྱོ་གཞས་གཏོང་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
ཕུ་ཡི་རི་ཆེན་ཁ་བས་གཡོགས་ཏེ་ཕྱུགས་ཀྱི་རུས་ཀྲང་ལྷགས་པས་བཅོམ་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
མདའ་ཡི་ཞིང་ཆེན་ཐན་པས་བསྐམས་ཏེ་བང་བའི་མཐིལ་ཤིང་སེན་མོས་འདྲད་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
གཅོང་རོང་དོག་མོའི་ས་གཞི་འཁྱོམས་ཏེ་རི་ཆེན་ཉིལ་བས་རྒྱུ་འགྲུལ་ཆད་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
གཤོང་ཆེན་ཆུ་ལོན་རགས་ཞབས་བརྡོལ་ཏེ་གྲོང་དང་གྲོང་ཚོ་མི་ཡིས་སྟོངས་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
ཡམས་ནག་གྲིབ་མ་མཐའ་ནས་རུབ་སྟེ་མཁར་ཤུལ་སྟོང་བར་ཤུ་གླུ་གྱེར་ཉིན་རང་ཉག་ཕུ་ནུའི་དཔུང་གདང་མ་འཐོར
རྡོག་ཁྲེས་གྲུ་བཞི་ཕྲག་ལ་བླངས་ཏེ་ས་མཐའ་སྐྱ་མོ་དབྱུག་པས་འགྲིམ་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
སློག་པའི་ཐེད་ཁུང་ལག་པས་མནན་ནས་བྱང་རླུང་ངར་མའི་ལ་རྩེ་འགྲིམ་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
བཀྲེས་སྐོམ་ལྟོ་བ་སྒལ་བར་འབྱར་བཞིན་ལྡུམ་ཐུག་ཚ་མོའི་ཕོར་ཁ་རྩོད་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
མེད་མུག་ཁུག་སྟོང་མཆན་དུ་བཅུག་ནས་གྲོང་མཐའི་རྒན་མོར་མཐེ་བོང་སྒྲེང་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
བཪྙས་བཞག་མཆིལ་མ་གདོང་ལ་ལྷུང་སྟེ་ཡི་མུག་མིག་མཐའ་ཆུ་ཡིས་བརླན་ཉིན་རང་ཕུ་ནུའི་དཔུང་གདང་མ་འཐོར
ལོག་སྨོན་དུད་ཐའི་མེ་ཏོག་དམར་པོས་རིགས་ཀྱི་བླ་སྲོག་བཟི་ཡོམ་བྱེད་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
བསྐོས་ཐང་སྣ་ཚོགས་རྩིབ་མར་བླངས་ཏེ་ནང་གི་ན་ཟུག་སྡུག་སྲན་བྱེད་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར
                  ༤
རྫོང་མཁར་རེ་རེ
གྱེན་ལ་བསླངས་པའི་རལ་གྲི་ཟུར་མ་རེ་རེ
གནམ་ལྕགས་ཀྱི་ཕུར་བུ་གླིང་དྲུག་མ་རེ་རེ
དེས།བོད་ཀྱི་གནམ་ཆེན་པོ་མཐའ་ནས་འདེགས
                ༥
གཅོང་རོང་གི་རླན་གཤེར་དུ་ཡུན་རིང་སྦངས་པས
བུད་མེད་ཚོའི་མཁུར་ཚོས་ཀྱི་ཁྲག་རིས་ངང་གིས་དག་ཚེ
ཁྱེད་རང་ན་ཚོད་ཅི་ཙམ་དུ་སོན
ད་ལོའི་སྐྱེས་སྐར་གྱི་སྟོན་མོ་དེ་ཤོམ་ཉིན
ལྕམ་སྲིང་ཚོར་མགྲོན་ཤོག་ཅིག་གནང་རོགས་ཞུ་དང
རྒྱལ་རོང་ལགས།
  • ལེ་ཚན་སྔོན་མ།:ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ་ཞེས་བྱ་བ་བཞུགས་སོ།།
  • ལེ་ཚན་རྗེས་མ།:ང་ཚོས་སྤྱང་ཀི་ལ་སློབ་སྦྱོང་བྱེད་དགོས།