དུས་རབས་ཉེར་གཅིག་ལ་ཕུལ་བའི་དབྱངས་རྟ།

སྐལ་བཟང་ཚེ་རིང་།        2016-05-09

ནམ་མཁར་ཁྲི་གདུགས་ཉི་མའི་ཞལ་རས་མཛེས།།
བར་དུ་འཇའ་མཚོན་སྣ་ལྔའི་གུར་ཁང་བཟང་།།
ས་སྟེང་སྐྱེ་བོའི་ཡིད་ཀྱི་འཛུམ་མདངས་རྒྱས།།
དུས་རབས་ཉེར་གཅིག་དཔྱིད་ཀྱི་དཔལ་ཡོན་བཞད།།
རབ་དཀར་གངས་རིས་བསྐོར་བའི་ཞིང་ཁམས་སུ།།
ཏང་སྲིད་ཉི་མ་གཞོན་ནུ་འཕགས་པ་ཡིས།།
གངས་ལྗོངས་ཀུན་དགའི་གླིང་གི་ཡུལ་ཁམས་ལ།།
རྣམ་པ་གསར་པའི་གོས་ཀྱིས་ཡོངས་སུ་བཀླུབས།།
ཏང་གི་ཉིན་བྱེད་དབང་པོ་དགུང་ནས་ཤར།།
སྡུག་གི་མུན་པ་མཐའ་ནས་རིང་དུ་བསྐྲད།།
སྲིད་ཇུས་བཟང་པོའི་མེ་ཏོག་ཞལ་ཁ་ཕྱེ།།
དམངས་ཀྱི་འཚོ་བར་དྲི་ཞིམ་རབ་ཏུ་འཐུལ།།
ཐོག་རྩེགས་ཁང་པས་ས་གཞིའི་སྤྱི་གཙུག་གཏོར།།
ཡངས་པའི་གཙང་ཆུ་ཟམ་པའི་འོག་ཏུ་མནན།།
རྐང་ལམ་ཕྲ་མོ་རྒྱ་ཆེའི་གཞུང་ལམ་བསྒྱུར།།
རླངས་འཁོར་སྣ་ཚོགས་འབུ་ཚང་བརྡོལ་བཞིན་རྒྱུགས།།
དགོན་པར་བཅའ་སྡོད་ལས་བྱེད་མི་སྣ་ཡིས།།
བློ་གཅིག་སེམས་གཅིག་ངང་ནས་དགོན་པའི་ནང་།།
ཚན་རིག་ཆབ་སྲིད་ཤེས་བྱ་མ་ལུས་པ།།
བརྒྱུད་བསྒྲགས་བྱས་ཏེ་གྲྭ་བཙུན་བློ་སྒོ་འབྱེད།།
གྲོང་ཚོར་བཅའ་སྡོད་ལས་བྱེད་མི་སྣ་ཡིས།།
བློ་གཅིག་སེམས་གཅིག་ངང་ནས་གྲོང་ཚོའི་ཆེད།།
ཡར་རྒྱུག་མར་རྒྱུག་བྱས་ཏེ་གྲོན་དངུལ་ལེན།།
དམངས་ཕན་ལས་ཀ་མི་ཉུང་བ་ཞིག་སྒྲུབ།།
དམངས་ཕན་ལས་ཀ་རབ་དང་རིམ་པ་ཡིས།།
དམངས་ཚོའི་སེམས་པ་དགའ་དང་བདེ་བས་བཅིངས།།
དམངས་ཚོའི་དོན་དུ་སྲོག་ཀྱང་འབུལ་མཁན་གྱི།།
དམངས་ཀྱི་ཡ་རབས་བུ་ཕྲུག་ཤིན་ཏུ་མང་།།
ནད་འགོག་སྨན་བཅོས་དམའ་བར་འགན་ལེན་གྱིས།།
ལོ་ན་རྒས་པའི་རྒན་རྒོན་མང་པོ་དང་།།
ཞིང་འབྲོག་མང་ཚོགས་དུ་མར་ཕན་བདེ་བསྐྲུན།།
དེ་ལྟའི་སྲིད་ཇུས་བཟང་པོས་དམངས་སེམས་འགུགས།།
སློབ་གསོའི་གཞི་རྩ་མི་ཉམས་སྔར་བས་ནི།།
འགན་ལེན་གསུམ་གྱི་སྲིད་ཇུས་ལག་བསྟར་གྱིས།།
དབུལ་པོའི་བུ་ཕྲུག་མ་ལུས་སློབ་མཐར་བསྐྱལ།།
ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་ཟེར་འཕྲོས།།
ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་གྱིས།
ཀུན་ཕན་བྱ་བ་ནམ་མཁའི་སྐར་བཞིན་བཀྲ།།
སྤྱི་ཚོགས་དུས་དང་བསྟུན་ནས་འཕེལ་ཞིང་རྒྱས།།
འབངས་རྣམས་དགའ་སྤྲོའི་དཔལ་ལ་བཀོད་ཅིང་བདེ།།

  • ལེ་ཚན་སྔོན་མ།:བྱ་རྒྱལ་རྒོད་པོར་བླངས་པའི་མགུར།
  • ལེ་ཚན་རྗེས་མ།:དབྱར་གཞུང་གི་འབྲོག་སྡེ།