ཨ་ལོང་དངུལ་གྱིས་ཆེ་བ།།
བ་སོ་དཀར་ལ་སྦོམ་པས།།
བྱུར་དམར་རྒྱན་དུ་བཏགས་པ།།
ཚེར་ཏོག་དེ་དང་མཚུངས་སོང་།།
ཨ་གདན་གདོང་ལ་འོངས་པ།།
ངོ་དཀར་སྲུང་བའི་ཉི་གདུགས།།
མིག་དང་སྨིན་མའི་མཛེས་པར།།
མདངས་ཀྱི་ཁ་དོག་བསྩལ་ཡོད།།
གསེར་གྱི་རྣ་ཆ་གཟར་བ།།
མགྲིན་ལ་རྒྱན་དུ་འཕྱང་བས།།
དམར་སེར་ཚོན་གྱི་སྡོང་པོ།།
འགུལ་ཙམ་གཡོ་ཙམ་གནང་འདུག།
སོ་ལ་གསེར་ཤུབས་བསྐོན་པ།།
འགྲམ་ཟུང་ཚོན་རྩིས་སྨག་པ།།
ཤེལ་སྒོར་ལྟ་བཞིན་འགྲོ་བ།།
གཉུག་སྤྱོད་གཙང་མ་མངོན་ནོ།།
སྟོད་ལྭ་དམར་ཞད་ཆེ་ཞིང་།།
སྐྲ་མཐུད་དེ་ཡང་དམར་བས།།
དམར་དམར་མཛེས་པའི་སྒེག་ཉམས།།
ལང་ཚོའི་ངོགས་ནས་གྲོལ་ལོ།།
ཆབ་མ་དངུལ་གྱིས་དཀར་བ།།
ཆེ་བ་རྐེད་པའི་སྐྱོར་ཡ།།
ཀྲོང་ངེར་མཛེས་ཉམས་མིན་ན།།
དགྱེ་དང་གུག་པར་དཀའ་ཡོད།།
གློ་ཟུང་ཁ་ལེབ་འདྲ་བ།།
གཡས་གཡོན་ཚར་གྱིས་དཔྱང་བཞིན།།
ཁྲོག་སྒྲ་སེང་སྒྲ་བཅས་པས།།
མིག་གི་ལྟད་མོར་བརྒྱན་ཡོད།།
ཧྲིལ་གྱིས་དམར་ཤུགས་ཆེ་ཞིང་།།
ལྷམ་གྱི་ཕྱིར་རྟིང་མཐོ་བ།།
བཅོས་མིན་འཛུམ་ཉམས་ཕྱུང་སྟེ།།
མགྲོན་ལ་དགའ་བས་བསུས་ཡོད།།
ངོ་ལ་དཀར་རྩི་ཉུང་ཞིང་།།
སྨིན་མཆུ་ཚོན་བྲིས་མིན་པས།།
མི་མོ་ལྷད་མེད་ཅིག་གི།
རང་བཞིན་ཉེ་བར་བཅར་ཡོད།།
ཉི་ཟེར་ལྷགས་རླུང་བཟེད་པས།།
སྐྱི་པགས་འཇམ་ཤ་བོར་ཡང་།།
དགའ་དུང་མཛའ་བརྩེ་འཇམ་པོ།།
བྲང་གི་རུམ་དུ་བཅུག་ཡོད།།
ལྷད་མེད་སྒེག་འཕྱོར་དེ་ཡིས།།
གཞུང་བཟང་ཕྱིར་ལ་མངོན་བཞིན།།
རྒྱང་རིང་མགྲོན་པོ་སུ་ལ།།
བསུ་མའི་སེམས་སྐྱེས་བཏེགས་ཡོད།།