ས་ཆེན་པོའི་སྨྲེ་སྔགས།

ཀླུ་ཚང་སྨྱུག་རྩེན།        2016-04-25

  དང་པོ།
  གནམ་འོག་ན་ས་ཆེན་པོ་སྟོབས་ཀྱིས་འདར་ཡོད།
  རི་རབ་དང་གཙང་པོ་ས་ཆེན་པོ་འདི་ལ་གཏོགས་ཤིང་།
  མིའི་རིགས་ཀྱི་འབྱོར་ཕྱུག་དང་ཉམས་ཉེས་ཀྱང་
  ས་ཆེན་པོ་འདི་ལ་གཏོགས།
  ས་ཆེན་པོ་འདིས་འཇིག་རྟེན་ང་ཡིན་ཟེར་ལ།
  བསྐལ་བ་ཡང་ང་ཡིན་ཟེར།
  གཉིས་པ།
  ཁ་བ་ལྷབ་ལྷུབ་འབབ་དུས།
  ས་ཆེན་པོ་འདི་ཁ་བའི་གོས་དཀར་ཞིག་ཡིན།
  ཆར་བ་ཤག་ཤག་འབབ་དུས།
  ས་ཆེན་པོ་འདི་ལང་ཚོའི་རོལ་དབྱངས་ཤིག་ཡིན།
  ས་ཆེན་པོ་འདིས་ཚེ་སྲོག་ང་ཡིན་ཟེར་ལ།
  ས་ཆེན་པོ་འདིས་དུར་སའང་ང་ཡིན་ཟེར།
  གསུམ་པ།
  ས་ཆེན་པོ་འདི་ང་ཚོའི་ཡབ་ཡིན་འདུག
  ས་ཆེན་པོ་འདི་ང་ཚོའི་ཡུམ་ཡིན་འདུག
  གནམ་རིམ་པ་བཅུ་གསུམ་གྱི་འོག་ན།
  ས་རིམ་པ་བཅུ་གསུམ་གྱི་སྟེང་ན།
  ང་ཚོ་འཚོ་བཞེས་གནང་ཡོད་འདུག
  ང་ཚོས་རང་ཉིད་སྐྱིད་པོ་རེད་བསམ་ཡང་།
  ས་ཆེན་པོ་འདིས་སྨྲེ་ངག་དབྱངས་སུ་གྱེར་བྱུང་།
  བཞི་བ།
  ང་དེང་མ་དབང་ཆེན་གསེར་གྱི་ས་གཞི་ཡིན།
  ང་དེང་སང་ཨ་བྲ་ཙི་གུའི་མལ་སྟན་ཡིན།
  དེང་སང་ངའི་གློ་སྙིང་བྲུས་ཚར།
  དེང་སང་ངའི་ཟུངས་ཁྲག་འཇིབ་ཚར།
  ང་ད་དུང་ནམ་མཁའ་སྟོང་བ་འདིར་འཁོར་ནས།
  སུ་ཞིག་ལ་རང་གི་འཇོན་ནུས་ངོམ་དགོས་ཨང་།
  ཁྱོད་ཚོའི་དོན་དུ་ང་མ་འཁོར་བསམ་པ་མེད་རུང་།
  ཁྱོད་ཚོས་ང་ལ་གདུག་རྩུབ་ཀྱི་ལག་པ་བསྲིངས་ཐེངས་མང་སོང་།
  ལྔ་བ།
  ཁྱོད་ཚོ་ནི་ཁྱོད་ཚོ་རང་རེད་དེ།
  ཁང་བརྩེགས་མཐོན་པོའི་ནང་ནས་གཅིན་པ་
  གཏོང་ཤེས་པའི་ཁྱོད་ཚོ་རང་རེད།
  ཡིན་ཡང་། ངའི་ཉམ་ཆུང་གི་རི་སྐྱེས་ཕོ་མོ་དེ་ཚོར།
  ཟིལ་རྩྭ་ནེམ་པོ་ཞིག་ཀྱང་ཟ་རྒྱུ་མེད་ལ།
  གཙང་ཆབ་དྭངས་མོ་ཞིག་ཀྱང་འཐུང་རྒྱུ་མེད་པས།
  ང་གཞི་ནས་སྡུག་གི་རྒྱ་མཚོར་ལྷུང་སོང་།
  ངའི་ནང་སྙིང་བྲུས་ནས་གང་ལ་ཁྱེར་སོང་།
  ད་ལྟ་ང་ཁོག་སྟོང་ཡིན།
  ངའི་ཕྱི་ཤུན་བཤུས་ཏེ་གང་ལ་བཀབ་ཡོད།
  ད་ལྟ་ང་གཅེར་བུ་ཡིན།
  དྲུག་པ།
  སྔོན་ཆད་ང་མི་ཟད་པའི་མཛོད་དེ་ཡིན།
  ཁྱོད་ལ་མཁོ་བ་དེ་ང་ལ་འདང་ནས་ཡོད།
  སྔོན་ཆད་ང་མཛེས་པའི་ལྷ་མོ་དེ་ཡིན།
  ནམ་ཡང་ཁྱོད་ཀྱི་ཞེ་ལ་འཁོར་བ་དེ་ཡིན།
  ད་ལྟ་ངའི་སྟོབས་འབྱོར་གང་ལ་བུད་སོང་།
  ད་ལྟ་ངའི་མཛེས་སྡུག་སུ་ཡིས་འཕྲོག་སོང་།
  ངའི་ནགས་ཚལ་གྱི་སྐྲ་ལོ་སུ་ཡིས་གཞར།
  ངའི་སྐྱེད་ཚལ་གྱི་མེ་ཏོག་སུ་ཡིས་བཅོམ།
  ངའི་རི་སྐྱེས་ཕོ་མོ་གང་ལ་ཞོགས་སོང་།
  ངའི་དྭངས་གཙང་ཆུ་མོ་གང་ལ་བཞུར་སོང་།
  ང་ཡི་གངས་རི་བཞུས་སོང་། ང་ཡི་རྫ་རི་ཉིལ་བྱུང་།
  ང་ཡི་རྒྱ་མཚོ་སྐམ་སོང་། བྱེ་མ་རླུང་གིས་ཁུར་ཡོང་།
  ད་དུང་ངའི་་་་་་་ངའི་་་་་་་་་་ངའི་་་་་་
  བདུན་པ།
  ང་ལ་ཅི་ཞིག་ཡོད་དམ།
  ད་ནི་ང་ལ་ཅི་ཞིག་ཡོད་དམ།
  སང་ཉིན་གྱི་ཚེ་སྲོག་གསར་བ་དེ་དག་ལ།
  ངས་ཁྲ་མ་ཅི་ལྟར་རྒྱག
  ངས་དེ་དག་གི་ངུ་ཁ་ཅི་ལྟར་ལེན།
  བརྒྱད་པ།
  དུས་རབས་ཀྱི་དབྱེ་མཚམས་ཤིག་ནས།
  ས་ཆེན་པོ་འདི་ལྟར་སྟོབས་ཀྱིས་ངུས་བྱུང་།
  ས་ཆེན་བཙའ་རོ་མ་ཞིག་ལ།
  སྐྱིད་པོའི་ཕ་ཡུལ་མ་གསུང་གསུངས་སོང་།
  གོ་ལ་ཁོག་སྟོང་ཞིག་ལ།
  བསོད་ནམས་ཀྱི་ཞིང་མཆོག་མ་གསུང་གསུངས་སོང་།
  • ལེ་ཚན་སྔོན་མ།:སའི་གོ་ལ།
  • ལེ་ཚན་རྗེས་མ།:དབྱར་རྩྭ་དགུན་འབུ།