འཕོ་འགྱུར།

ལོང་ལྐུག་གཟའ་སྨྱོན།        2021-05-10

ཏིང་འཛིན་རིང་མོའི་ལྷུམས་ལས་ངང་གིས་གྲོལ།།

སེམས་ཉིད་ངལ་གསོའི་ཞི་བའི་མནལ་ཡང་དཀྲོགས།།

ཕྱོགས་ལྷུང་དོར་ཏེ་བདེན་པར་དཔང་བཅོལ་ནས།།

གངས་དཀར་རི་ལ་ཁྲག་གི་སྤོབས་པ་བདར།།

གཡོ་བ་མེད་པའི་གངས་རིའི་འདོད་བློ་དང་།།

ཕུགས་བསམ་ཕ་མཐའ་མི་མངོན་རྩྭ་ཐང་ན།།

ནོར་ལུག་རང་དོན་བསྐྱུར་བའི་གཤིས་རྒྱུད་ཀྱིས།།

ས་འཛིན་དཀར་པོའི་ཕྱོགས་དང་མུ་ཁྱུད་བརྟོལ།།

ཚ་གདུག་མེ་ལྕེའི་འོད་ཞགས་དཔལ་འབར་ཞིང་།།

གྲང་རེག་རླུང་གི་བུ་ཡུག་རབ་འཚུབ་སྟེ།།

ཁ་ཆར་ལྟོང་གི་ཉག་ཕྲན་འབུམ་སྤྲོ་བའི།།

ནམ་ཟླའི་འགྱུར་ལྡོག་འཁོར་སྐྱོད་ཇི་ལྟར་ཡང་།།

གློག་ཞགས་ཇི་བཞིན་འཁྱུག་ཅིང་ལྡིང་སྐོར་བྱེད།།

མདའ་མོ་བཞིན་དུ་བྱ་ལམ་ཐད་ཀྱིས་བཅད།།

ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་།།

ཡིད་སེམས་གཡོ་བྲལ་གཞུངས་པའི་མཚོན་བྱེད་དེ།།

ལན་རེར་དམའ་ལ་ལན་རེར་མཐོ་བ་ནི།།

གངས་རིའི་ལས་དབང་མཚོན་པའི་སྲུང་དམག་འདྲ།།

གནམ་རུའི་རྒྱུད་ནས་འཕོས་པའི་མདའ་མོ་བཞིན།།

ཤུ་སྒྲ་དང་བཅས་འཐབ་ལ་གྲབས་ཀྱང་གཤོམ།།

འཚུབ་འཚུབ་རླུང་དམར་ཕྱོགས་མཚམས་ཀུན་ཏུ་ལྡང་།།

ལང་ལོང་སྤྲིན་ནག་ཨ་སྔོན་དགུང་ལ་དཀྲིགས།།

ལམ་ལམ་གློད་འོད་བར་སྣང་མཐོངས་སུ་འཁྱུགས།།

ཆལ་ཆིལ་དྲག་ཆར་རྦབ་ཆུའི་ཟོལ་གྱིས་བརྡོལ།།

སྤྲིན་གྱི་བང་རིམ་གཤོག་འགྱུར་རྩལ་གྱིས་གཤགས།།

ཉིན་བྱེད་དབང་པོའི་དྲོད་འཇམ་གུར་དུ་བསྙེགས།།

རང་བྱུང་གནོད་འཚེའི་རྙི་ལ་མ་ཚུད་ཅིང་།།

འདྲེ་སྲིན་འཆིང་བའི་རྒྱ་ཡིས་མ་ཐུབ་པར།།

ཆར་རླུང་སོ་སོས་ཤར་ལྷོ་ནུབ་བྱང་དུ།།

རྒྱུག་གི་རྟ་ཕོ་ཆུ་ལ་འཕངས་པ་བཞིན།།

དེ་ལ་འོད་སྟོང་ལྡན་པའི་མདུན་ལམ་ཡོད།།

དེ་ལ་མངོན་པར་ཉེ་བའི་ཕུགས་བསམ་ཡོད།།

ཡུན་རིང་འཐབ་རྩོད་ཁྲོད་ནས་འཚར་བཞིན་ཡོད།།

དུས་བཞིན་འཕེལ་རྒྱས་ཕྱོགས་སུ་འགྲོ་བཞིན་ཡོད།།



  • ལེ་ཚན་སྔོན་མ།:འདར་ལྕུག་ལྕུག་གི་སེམས་པ།
  • ལེ་ཚན་རྗེས་མ།:ཕལ་པའི་ལེའུ།