ཀུན་མཁྱེན་གྲགས་པ། 2021-05-07
ཆ་འཇོག་མེད་པའི་འཇིག་རྟེན་སྣང་བ་རུ།།
སེམས་བྱུང་རྟ་ཕོ་རི་ལ་ཤོར་ཅིང་འཆོར།།
མིག་ཆུའི་རྟ་སྦངས་ཅི་དགར་ལུད་པ་ནི།།
གཡེར་བག་རྨིག་པས་དུམ་བུར་དཀྲུམས་བྱས་ཏེ།།
གསེར་ཀྱི་སྒ་ཆུང་དེ་ཡང་ཞར་ལ་བོར།།
སྣང་བའི་ཤུགས་ཀྱིས་སྲབ་མདའ་བཅད་དེ་ཤོར།།
ཡངས་྆འི་ཐང་ཆེན་བསྐོར་ནས་རི་ལུང་ཉུལ།།
ཟིལ་བ་ཁྲོམ་ཁྲོམ་རྩི་ཤིང་ཐིགས་པ་ལྡག།
ཡིད་ཀྱི་དང་ག་ཕྱེས་ཤིང་འགྲམ་ཆུ་ལྡང་།།
རྩྭ་ལྡུམ་མེ་ཏོག་དག་གི་དྲི་ངད་ཚོར།།
དེ་ཡི་རྡོག་ཁས་སྐོམ་པ་མ་སོད་པར།།
ལམ་སང་རྣ་བ་བསྒྲེངས་ནས་ཆུ་མགོ་བསྙོགས།།
ཐོབ་པའི་དབུགས་དབྱུང་རྡུལ་དང་རླངས་པར་འདྲེས།།
སྤོ་ཐོ་ཉག་ག་མིག་བར་འཕྲེད་ཀྱིས་བཅད།།
ཆུ་ཕྲན་ཆུ་ཆེན་དག་ཀྱང་ལ་མོར་འབོགས།།
གངས་ཀྱི་རི་བོ་སྙིང་གི་དབྲག་ལ་བསྙལ།།
ཉི་ཟླ་གཉིས་ཀ་ལས་ཀྱི་ཐོད་པར་བསྐོས།།
འཚེར་སྐད་སིང་ངེ་ཨ་སྔོན་དགུང་ལ་མཆེད།།
ཨ་སྔོན་དབྱིངས་ཀྱི་ཕོ་ཆུང་ནེའུ་ལྡངས་གང་།།
ཚེ་རབས་ལས་ཀྱིས་ལྷན་དུ་མ་འཛོམས་ཀྱང་།།
ད་རབས་ལས་ཀྱིས་ཚེ་ལ་ལེགས་ཚོགས་བཙལ།།
ཡིད་ཀྱི་རྟ་ཕོ་ཞོགས་ཤིང་སེམས་ལ་བརྣགས།།
ནམ་མཁར་མཆོང་བ་འདྲ་ལ་འཕུར་བ་འདྲ།།
སེམས་བྱུང་ཅང་ཤེས་གྱི་ལིང་གཤོག་ཐོགས་ཤིག།
རྩོམ་གསར། 10