བར་སྐབས་ཤིག་གི་དྲན་པ།

ཁ་བ་ན་རོ།        2021-03-10

ཡར་གའི་སྤང་ཐང་དང་མར་གའི་ཉིན་ཁ།།

ཚེ་རིང་མེ་ཏོག་དང་བཀྲ་ཤིས་ཟླ་བ།།

ཆུང་འདྲིས་ལང་ཚོ་དང་ཁ་ཡ་ན་ཟླ།།

སེམས་ཀྱི་འཁོར་ས་དང་ཁ་ཡིག་གཅིག་པ།།

ཚེ་རིང་མེ་ཏོག་དང་ཁོ་མོའི་ལུག་ཁྱུ།།

རི་གླུ་སིང་སིང་དང་འབའ་སྒྲ་ལྷང་ལྷང་།།

གོམ་པ་ལྡེམ་ལྡེམ་ངང་སྤང་ལ་བཀྲམ་ནས།།

བཀྲ་ཤིས་ཟླ་བ་དང་ཁོང་གི་ལུག་ཁྱུ།།

བསླེབ་ལ་ཨེ་ཡོད་ངང་སྒུག་བྱས་ཡོད།།

མར་གའི་ཉིན་ཁ་ནས་འབའ་སྒྲ་ལྷང་ལྷང་།།

འོག་གི་ལ་ངོས་ནས་ཀྭི་སྒྲ་སིང་སིང་།།

ཁོ་མོ་ཚབ་ཚུབ་ངང་ཡར་ལ་ལངས་ནས།།

མིག་ཟུང་ཀེམ་ཀེམ་ངང་མར་ལ་བལྟས་བཞག།

གོམ་ཆུང་ག་ལེར་བཞིན་ཡར་ལ་འགོས་ནས།།

ཁོ་མོའི་རྩུབ་ལོགས་དང་ཉེ་སར་ཡོང་བ།།

སེམས་ཀྱིས་ཚོར་བ་དང་མིག་གིས་རིག་སྟེ།།

འཛུམ་ཆུང་སྐྱིད་ལེར་ངང་ཐུར་ལ་བརྒྱུགས་སོང་།།

ཚེ་རིང་མེ་ཏོག་དང་བཀྲ་ཤིས་ཟླ་བ།།

ཁ་སེམས་གཅིག་གཏད་ངང་ལག་པར་འཇུས་ཞོར།།

བཀྲ་ཤིས་ཟླ་བ་ཡི་སྐྲ་མཐའི་རྔུལ་ཆུ།།

ཚེ་རིང་མེ་ཏོག་གི་མགོ་དཀྲིས་སྣེ་མོས།།

ལག་པའི་ནོམ་ཉུག་གིས་ཡང་ཕྱིས་བསྐྱར་ཕྱིས།།

ཕོ་ལག་མོ་ལག་གཉིས་དམ་དུ་འཁྱུད་ནས།།

བརྩེ་བ་གསོན་པོ་གཉིས་མཉམ་སྐྱེས་མཉམ་བཞད།།

གོམ་པ་ཆུང་ཆུང་རེ་གཅིག་སྤོ་གཉིས་སྤོ།།

སྤང་ཐང་ཡུག་ཡུག་སྟེང་མཉམ་དུ་བསྡད་བྱུང་།།

ཁོ་མོའི་མགོ་བོ་དེ་པང་ལ་བཞག་ནས།།

མཛའ་གླུ་ལེན་བཞིན་ངང་གཅེས་དགོད་བྱས་ཏེ།།

གཡང་དཀར་ལུག་ཁྱུ་གཉིས་མཉམ་དུ་འཚོས་ནས།།

བཀྲེས་སེལ་བྲོ་ཁ་དེ་མཉམ་བཟའ་མཉམ་འཐུང་།།

ཁོ་མོའི་ཕུ་རུང་དེ་སྟན་ལ་བཏིང་ནས།།

འབའ་རིང་འབའ་ཐུང་གི་ལས་ལ་རྩེས་ཏེ།།

རྩེད་འཛུམ་དགོད་སྒྲ་ནི་འབའ་སྒྲར་ཁྱབ་ནས།།

སྐྱིད་པའི་སྣང་བ་ནི་སོམས་དང་ལོས་ཤེས།།

ཁ་ཞེ་གཉིས་མེད་ཀྱི་སྙིང་གཏམ་ལབ་ནས།།

ཐོད་པ་ཐོད་པ་དང་གླན་པར་བྱས་ནས།།

ཁྱོད་ནི་ཁོ་བོ་ཡི་ཚེ་གཅིག་ཡིན་ཟེར།།

ང་ནི་ཁོ་མོ་ཡི་དྲན་ཤིང་ཡིན་ཟེར།།

མི་འགྱུར་གསེར་ནག་གི་དམ་ཚིག་ཅིག་བཞག།

འུར་ཆའི་ཐག་སྒྲ་ངང་ལུག་ཁྱུ་བསྐོར་དུས།།

གཉིས་ཀ་མི་མཐུན་པའི་ལུང་བར་འགྲོ་དགོས།།

མ་གསང་སྙིང་གཏམ་གྱི་བཤད་འཕྲོ་བཞག་ནས།།

རང་རང་ལུག་ཁྱུ་ཡི་རྗེས་ལ་སྙེག་བཞིན།།

རང་ཁྱིམ་ཕྱོགས་སུ་གཅིག་སྐྱོད་གཉིས་སྐྱོད།།

ལུང་བ་ཁ་ཁ་དང་སོ་སོར་འགྲོ་དུས།།

མདུན་ན་ལུག་ཁྱུ་དང་རྒྱབ་ན་རི་ཚོགས།།

སྙིང་གཏམ་བཤད་འཕྲོ་འདི་ད་དུང་བཤད་འདོད།།

ཁེར་མོ་གཅིག་པུ་ཡིས་ཁོག་ལབ་བྱས་ན།།

སྡུག་པའི་སྣང་བ་ནི་ཨ་འཁྱག་ད་འཁྱགས།།

མཚན་མོར་ལུག་ལྷས་ན་ལྡད་སྒྲ་ཅག་ཅག།

དཀྱེལ་ཡངས་ནམ་མཁའ་ན་སྐར་མ་ལམ་ལམ།།

དྲན་པའི་སྣང་ངོ་ན་མཛེས་འཛུམ་ཡལ་ཡལ།།

ཤ་གསེང་རུས་རྐང་ན་ཁྱོད་ཉིད་ལྷོག་ལྷོག


  • ལེ་ཚན་སྔོན་མ།:ཡིད་དུ་ལྷུང་བའི་རི་བོང་འཛིན།
  • ལེ་ཚན་རྗེས་མ།:འཁྲེང་སེམས།