བྲན། 2021-01-26
འཇིགས་མེད་སྟོབས་བཅུའི་རྩལ་ཀུན་རབ་རྫོགས་ཏེ།།
ལེགས་བྱས་འབུམ་གྱི་ཡེ་ཤེས་མངའ་ན་ཡང་།།
བཟང་བོ་མཐའ་དག་གཞན་ལ་མི་མངོན་པར།།
ཕལ་བའི་བརྟུལ་ཞུགས་འཛིན་ལ་སྙིང་ནས་འདུད།།
སྒྱུ་འཕྲུལ་དྲ་བའི་མེ་ཏོག་ལྡེམ་པ་ལ།།
དམ་ཆོས་མཚན་མར་འཛུམ་པའི་ཡེ་ཤེས་གར།།
བློ་བཟང་འཇམ་དཔལ་གསུམ་ལྡན་ཆོས་ཀྱི་རྗེ།།
ཞབས་ཟུང་རྡོ་རྗེ་ཁམས་ལྟར་བརྟན་ལ་འདུད།།
ཀུན་རིག་དཔྱིད་དཔལ་ཟླ་བ་སྒེག་མོའི་བཞིན།།
ཟག་བཅས་བདེ་བ་ལྟར་སྣང་ར་རོ་ཡིས།།
ཡོངས་སུ་བཏང་བའི་བཅུ་དྲུག་རི་དྭགས་མིག།
དབྱངས་ཅན་ངང་བའི་བུ་མོས་རིང་དུ་སྐྱོངས།།
གང་གི་ཐུགས་རྗེ་ཉི་མ་འབུམ་གྱི་འོད།།
ལྷན་ཅིག་བསྡུས་པ་རྣམ་དཔྱོད་འོད་དཀར་ཅན།།
ཨ་རོལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི།།
ཐུགས་ཀྱི་སྲས་གཅིག་བློ་བཟང་དཔལ་བས་སྲུངས།།
གང་གི་གྲགས་སྙན་རྒྱས་པའི་པད་རྫིང་དུ། །
བདག་ཡིད་གཉིས་འཐུང་དབང་བོ་སོང་གྱུར་པས། །
འགྲོ་བའི་མ་མ་བྱང་ཆུབ་གཏེར་གྱུར་དེར། །
བསྔགས་པ་བརྗོད་པའི་སྤྲོ་བ་ཁོང་ནས་འབར། །
ཁྱེད་སྐུ་ཟླ་དཀར་འཁྲི་ཤིང་འདར་ལྡན་པས།།
རང་གི་འཛིན་མའི་ལྟོ་བར་འཁྱུད་པའི་ཚུལ།།
གདུལ་བྱ་ཨུཏྤལ་བཞད་པའི་སྐར་ཚོགས་དབུས།།
ལྷང་ངེར་འཛུམ་ལས་མུན་པའི་འཇིག་རྟེན་བྲལ།།
ཁྱེད་སྐུ་ཉི་གཞོན་བསུ་བའི་སྐྱ་རེངས་ཀྱི།།
བརྩེ་བའི་ལང་ཚོ་དབྱིངས་ནས་མ་ཤར་སྔོན།།
པཎ་ཆེན་སྣང་མཐའ་ཡས་པའི་བཀའ་ལུང་གིས།།
ཕྱོགས་ཀྱི་སྙན་པའི་ཁ་ལ་རྒྱལ་མཚན་བསྒྲེངས།།
རབ་བྱུང་ཆ་ཤས་མེ་གླང་ཟླ་ཕྲེང་གི།
རྟེན་འབྲེལ་ཉི་ཟེར་སྡེ་བདུན་མཛའ་ན་མོར།།
འཁྱུད་པའི་དགེ་མཚན་ཡིད་ཀྱི་སྙིང་བོ་རུ།།
སྨིན་པའི་ཐུགས་བསྐྱེད་ཡུལ་གྱི་གཙུག་ཏུ་འཁྲུངས།།
ཞབས་སྐྱེས་མེ་ཏོག་རྩེན་པའི་ལང་ཚོ་འབུམ།།
མི་འཇིགས་གདོང་ལྔས་འདེགས་ལ་རྒྱལ་བས་ཀྱང་།།
སྔོན་གྱི་འཕྱང་འཕྲུལ་དཔྱངས་ལ་གྲོགས་དན་གྱི།།
རོལ་བའི་དབྱངས་ལ་ཆོས་ཀྱི་མཚན་མ་བཀོད།།
ཀུན་བཟང་རྒྱལ་བའི་མྱུ་གུ་ཡི།།
དགའ་བཞི་གྲོལ་ལ་མེ་ཏོག་གི།
དཔལ་གྱི་འདབ་མ་བཟང་བོ་ནི།།
མཆོག་སྤྲུལ་དགྱེས་པའི་གེ་ས་ར།།
དེ་ལས་ཕྲལ་སྦྱོར་གཤར་ཀློག་གི །
ལྗགས་རྩེ་འཁྱུག་ལ་བདུད་རྩིའི་རོ།།
ཞལ་ལ་བགོས་ཤིང་གཟབ་བྲིས་ཀྱི།།
ཕྱག་ཟུང་རྩེན་པའི་མཚར་སྡུག་རྫོགས།།
མཁྱེན་དཔྱོད་ཉི་ཟླའི་འགྲོས་གཅིག་གིས།།
སུམ་རྟགས་བརྡ་སྤྲོད་ནམ་མཁའི་མཚོར།།
ཇི་སྙེད་བཀོད་པའི་གཟི་མདངས་གར།།
ཐུགས་ཀྱི་དྭངས་མའི་དབྱིངས་ནས་འཚེར།།
དེ་ཚེ་འབྲོམ་སྟོན་སླར་ཡང་བྱོན་པ་བཞིན།།
བཤེས་གཉེན་ཚུལ་བཞིན་བསྟེན་ལ་ཟླ་མེད་པ།།
སྐྱབས་རྗེ་ཨ་རོལ་ཟླ་དཀར་འཛུམ་པའི་དཔལ།།
མཐོང་བས་དགའ་དད་སྤྲོ་བའི་འདབ་བརྒྱ་གྲོལ།།
ཁོང་གི་ཚེམས་ཕྲེང་གངས་ཀྱི་རི་བོའི་ཉམས།།
སྣང་བ་འགོག་མེད་གཉུག་གཤིས་འོད་ཕུང་གིས།།
འཁྱུད་པའི་རྣམ་དཀར་འཕེལ་བའི་རི་བོང་འཛིན།།
ཐུན་མོང་གླིང་བཞི་མཛེས་པའི་དཔལ་དུ་གྲུབ།།
ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་དགའ་ཚལ་ནས།།
ལེགས་པར་བཏུས་པ་མཁྱེན་རབ་རྒྱ་མཚོའི་རྡུལ།།
དཔལ་ལྡན་ཟླ་བའི་རྣམ་དཔྱོད་འོད་དཀར་གྱིས།།
གར་ཁྱབ་མུན་པ་བཅོམ་པའི་གྲོགས་སུ་བཞད།།
དེ་ལྟར་གསུང་གི་ཚད་མའི་ལེགས་བཤད་ལས།།
སོ་སོའི་སྐྱེ་བོའི་དུས་ནའང་སྟོང་བ་ཉིད།།
ཐོས་པས་དགའ་སོགས་ཡང་ཡང་འབྱུང་དེ་ལ།།
རྫོགས་སངས་རྒྱས་ཀྱི་ས་བོན་ཡོད་ཅེས་གསུངས།།
འདི་ལྟའི་གཏན་ཚིགས་སྤྲིན་པའི་ཀློང་ཡངས་ནས།།
དམ་པའི་རང་རྟགས་མངོན་ལ་ལྷག་ལྡན་གྱི།།
འཁྲུལ་བའི་ཆར་སྤྲིན་འཁྲིགས་པའི་ཕ་རོལ་ནས།།
དོན་དམ་གཉུག་མའི་གཤིས་ཀྱི་ཉམས་སྣང་མཐོང་།།
སྒྲིབ་བྲལ་ཡེ་ཤེས་སྤྱན་གྱི་མེ་ལོང་མར།།
ཤར་བའི་ཁྱེའུ་སྣང་བྱེད་ཉི་མའི་གྲོགས།།
རབ་ཡངས་མཁའ་ལ་མཛེས་པའི་རྒྱན་གཅིག་ཏུ།།
གྲུབ་པའི་རྟེན་འབྲེལ་བཀའ་ལུང་ཕྱོགས་སུ་བསྩལ།།
ཁྱད་པར་དབང་བཞི་དག་པ་ཉལ་འགྲོའི་རྒྱུན།།
ཧུབ་ཀྱིས་དྲངས་ལ་ལྔ་བཅུའི་བཤད་ལུང་གཙོས།།
ཁྱད་འཕགས་ཟབ་ཆོས་རྡོ་རྗེ་འཇིགས་བྱེད་ཀྱི།།
སྐུ་བཞིའི་དཀྱིལ་འཁོར་དགྱེས་པའི་དཔལ་དུ་ཐོབ།།
བཀའ་ལུང་ཁྲག་ཁྲིག་བྱེ་བ་འབུམ་བརྒྱ་ཡིས།།
ཐུགས་ཀྱི་ཏིང་འཛིན་འཕེལ་བའི་བདེན་སྟོབས་ལ།།
རྣམ་འདྲེན་རྒྱལ་བ་སླར་ཡང་འབྱོན་པ་བཞིན།།
ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཁྱོད་འདུད།།
རྩོམ་གསར། 10