དྲན་པ་ཞིག་གི་ཡ་སྙིང་སློག་ན།

གཟབ་ཉན་པ།        2021-01-20

ཆུ་ཕྲན་ཤག་ཤག་ངང་གཙང་བོར་འདྲེས་པ་ལྟར།

འུ་གཉིས་ཀྱི་སེམས་པ་ཡང་དེ་ལྟར་འདྲེས་ཏེ།

ལོ་ཟླའི་ཉིན་སྲིབ་གང་རུང་དུ།

དྲན་པའི་མེ་དཔུང་ལྷབ་ལྷུབ་ཏུ་མཆེད་ཡོང་།

བརྩེ་སེམས་ཀྱི་ཆུ་མོ་དལ་བུར་བཞུར་ན་ཡང་།

དབྱར་ལ་ཁ་བ་བབས་པ་ཇི་བཞིན།

སྙིང་ཁར་དྲན་པའི་རླུང་འཚུབ་ལྡང་སྟེ།

ཁྱེད་རང་བདག་གི་སྙིང་དང་གློ་བར་མ་ཤོང་།

སྐྱོ་གདུང་གི་འགྲམ་དར་སྲ་མོས།

རི་བོ་དང་གཙང་ཆུའི་བར་ཐག་སྦྲེལ་ནའང་།

ཡ་ཆུང་སྟོད་སྨད་དུ་བཞད་པའི་མེ་ཏོག་དེར།

ཞེ་འདང་གི་ཕྲ་ཕུང་ཡལ་ཐབས་མི་འདུག

གློ་བུར། གློ་བུར་དུ།

ཁྱེད་ཀྱི་སེམས་རྒྱུད་སྙི་མོ་དེས།

མེ་ཏོག་དང་སྤྲིན་དཀར་གྱི་ཡོལ་བ་ཕྱེས་ཏེ།

གཟུགས་མེད་ཀྱི་མིག་ཆུ་རྡོག་གཅིག་སར་ལྷུང་བ།

ས་དོག་མོས་ཀྱང་ཐེག་ཚོད་མི་འདུག

ཕ་ཡུལ་ལགས།

ཕ་ཡུལ་ལགས།

སྦྲ་རོག་རོག་གི་དར་ཆ་རླུང་གིས་ཁུར་ཏེ།

གནའ་མྱིའི་གོས་ཆེན་ཕྱུ་པའི་སྟེང་གི་

རི་མོ་ཡལ་ཀྱང་།

ངས་རང་ཉིད་ཀྱི་བླ་སྲོག་གི་མར་མེ་ཁོ་ན།

ཁྱེད་ཀྱི་རྣམ་ཤེས་ཀྱི་གཤིན་སར་བསྒྲོན་ཆོག

ཕ་ཡུལ་ལགས།

སྐད་ཡིག་གི་གདངས་ཆ་ལ་རྨས་སྐྱོན་ཐེབས་ཏེ།

རིགས་རུས་ཀྱི་ཤ་ཁྲག་ལ་ནག་ཐིག་

ཆེ་ཆུང་བབས་ན་ཡང་།

ངས་རང་ཉིད་ཀྱི་རུས་རྐང་གི་དྭངས་མ་ཁོ་ན།

ཁྱེད་ཀྱི་བླ་ཤིང་གི་ནགས་ཚལ་ལ་ཕུལ་ཆོག

ཕ་ཡུལ་ལགས།

རང་དབང་གི་གཤོག་རྩལ་ལ་

གཉའ་ཤིང་ཡོད་ཀྱང་།

ཆགས་སྡང་གིས་སྙིང་རྩུབ་ལ་རྐྱ་བརྒྱབ་སྟེ།

ངས་རང་ཉིད་ཀྱི་རྣམ་ཤེས་ཚོགས་དྲུག་གི་

སྣང་བ་ཁོ་ན།

ཁྱེད་ཀྱི་ཡིག་འབྲུ་ཡི་ཞིང་སར་བརྒྱུས་ཆོག

ཕ་ཡུལ་ལགས།

གངས་རི་ལས་གོམ་ཁ་ཕྱིར་ལ་བསྒྱུར་ཏེ།

རང་བྱུང་ལྷུན་ཆགས་ཀྱི་རི་ཀླུང་གི་

གཏམ་རྒྱུད་བརྗེད་ཀྱང་།

ངས་རང་ཉིད་ཀྱི་བརྩེ་བའི་མིག་ཟུང་ཁོ་ན།

ཁྱེད་ཀྱི་མཛེས་སྡུག་གི་སྣོད་བཅུད་ཀྱི་

པདྨོར་འཁྲེང་ཆོག

སྙིང་ཉེ་གང་དེར་སྨྲས་པ།

ཁྱོད་ཀྱིས་དྲན་པའི་སྐལ་བ་གཅིག་པུ།

འཚོ་བའི་ལོ་ཟླའི་དུས་ཚོད་ཀྱི་སྐར་ཆ་ལ་བསྟར་ན།

ཁྱོད་ཀྱིས་བསླུ་བྲིད་ཀྱི་འཇའ་ཚོན་གཅིག་པུ།

ངང་རྒྱུད་རིང་བའི་ཕྱི་ཐག་ལ་བརྐོས་ན།

ཁྱོད་ཀྱིས་ཡིད་ཀྱི་མཆི་མ་གཅིག་པུ།

སེམས་པ་སྙི་མོའི་སྙིང་དབུས་ལ་ལྡུག་ན།

ཁྱོད་ཀྱིས་འདི་ལྟར་མི་ཚེ་ཐུང་ངུ་འདིར།

མེ་ལོང་ནང་གི་གཟུགས་བརྙན་བཞིན།

སྒྱུ་མའི་གར་འཁྲབ་ན།

གཞོན་པའི་ན་ཚོད་ཀྱི་བརྩེ་བ་འགག་

དང་མ་འགག་མི་འདུག

 

  • ལེ་ཚན་སྔོན་མ།:ཡུ་མོ་ཁེར་འགྲོ།
  • ལེ་ཚན་རྗེས་མ།:མི་འཐོར་བའི་མེ་ཏོག