སྟོན་མགོ་མའི་མགུར་དབྱངས།

        2020-12-04

ཁྲུང་ཁྲུང་དག་ནི་སྐྱོ་གླུ་ལེན་བཞིན་ཁྱུ་དང་ཁྱུ་བྱས་

ལྷོ་རུ་བཤར།།

ལྗང་མདོག་ཡལ་བའི་ལོ་འདབ་རྣམས་ཀྱང་གཞུང་

ལམ་ཟུར་ནས་རླུང་གིས་བདའ།།

ལྡེམ་ལྡེམ་གཡོ་བའི་མེ་ཏོག་ཡོངས་ཀྱི་ཡིད་འཕྲོག་སྐྲ་

ལོ་སད་ལ་ཤོར།།

ལྷ་ལམ་དབྱིངས་ཀྱི་རྟ་བདུན་དབང་པོའི་གསེར་གྱི་

ན་བཟའ་ངང་གིས་རྙིང་།།

མི་བརྟན་དུས་ཀྱི་འཁོར་ལོ་བཅུ་གཉིས་ཡང་ཡང་

འཁོར་བས་འདི་གར་རྫོགས།།

ནམ་ཟླ་དབྱར་གྱི་དཔལ་ཡོན་དཀྲོགས་ནས་དགུན་

གྱིས་ཟློས་གར་འཁྲབ་ལ་བྲེལ།།

མི་སྡུག་བོད་ཀྱི་ས་འཛིན་སྒེག་མོར་དུང་གི་ཁ་དོག་

བྱུགས་པར་སྤྲོ།།

གནམ་ས་གཉིས་ཀྱི་འདུ་འབྲལ་ཁྲོད་ནས་གྲང་ངར་

རྒན་པོས་བསམ་ནག་འཆང་།།

སེམས་དང་སེམས་པ་འདྲེས་པའི་མི་དེ་སྟོན་ཟླའི་

ཁྲོད་ནས་ལྷག་ཏུ་དྲན།།

སྐུ་ལྭ་སྲབ་སྲབ་བྱེད་དེ་མ་འགྲོ་འབྱུང་བཞི་ནད་ཀྱིས་

མནར་ཉེན་ཡོད།།

དམར་པོ་སྲོག་གི་ཕྱེད་ཀར་ངེས་པའི་གཅེས་ཕྲུག་

སྙིང་གི་མཚེ་ཡ་མ།།

ལས་དབང་ཟེར་བ་དར་རེས་གོད་རེས་མི་ཚེ་གཅིག་

ལ་སྐྱིད་སྡུག་ཟུང་།།

དལ་བརྒྱད་འབྱོར་བཅུ་ཚང་བའི་ཡང་སྙིང་སྙིང་

གྲོགས་ཞེ་ཡི་དཔྱིད་དུ་སྨིན།།

གཏན་གྱི་འདུན་མ་གཞན་ལ་གཏད་དེ་ཡིད་ཆེས་

སེམས་རྩ་མ་བརླགས་དང་།།

སྣུམ་ནག་བྱུགས་པའི་ལམ་ཟུར་ཞིག་ནས་ཁྱོད་ཀྱི་

རྐང་རྗེས་འདེད་ཀྱིན་ཡོད།།

ཚེ་ཡི་རིང་ཐུང་དཔོག་པར་དཀའ་ཡང་ཁྱོད་ལ་

དགའ་བ་དོན་དངོས་ཡིན།།

འཁོར་བའི་གྲོང་ལ་སྙིང་པོ་མེད་ཀྱང་བརྩེ་བ་འདི་ལ་

སྙིང་པོ་ཡོད།།

སྐྱེ་རྒ་ན་འཆི་འདུ་འཛི་རྒོད་ཀྱང་སེམས་པ་འདི་ལ་

སྐྱེ་འཆི་མེད།།

རིན་ཆེན་སྲོག་དང་འབྲལ་དགོས་བྱུང་རུང་འགྱུར་

མེད་ཆོད་སེམས་གནང་ཤོག་དང་།།

དྲི་ངད་འཕྱུར་བའི་ལྡུམ་ར་ཞིག་ནས་འུ་གཉིས་

གཞིས་ཀ་འཚོལ་བཞིན་ཡོད།།

ལས་དབང་དཀོན་མཆོག་ལྷ་ལ་བཅོལ་བའི་དཀར་

པོ་སེམས་ཀྱི་དུམ་བུ་ལགས།།

ཚེ་ཡི་སྡོང་ཐུར་མཉམ་དུ་འབར་ཞེས་སྙན་པའི་ངག་

ནས་བརྗོད་ཤོག་དང་།།

ཁྱོད་རང་ཚིག་གི་གར་ལ་སྤྲུལ་ནས་སྣ་ཚོགས་རྒྱན་

གྱིས་རབ་སྤྲས་ཏེ།།

མི་ཚེའི་ནང་གི་ཡང་སྙིང་ཡིན་ཞེས་སྨྱུ་གུའི་མགྲིན་པ་

བརྒྱུད་པའི་ཚེ།།

འཕྱ་སྨོད་ཚིག་གིས་མཚོན་ཆ་ཕབ་ཀྱང་ཁོ་བོའི་

སེམས་ལ་འཇིགས་པ་ཅི།།

༼ གོ་ཁྲབ་ཉི་མ། ༽


  • ལེ་ཚན་སྔོན་མ།:ལྷགས་རླུང་།
  • ལེ་ཚན་རྗེས་མ།:དགུན་ཁ་ཧྲིལ་བོ།