སྲད་འདབ་གསར། 2020-10-21
ཚངས་པ་བརྒྱ་བྱིན་དང་བཅས་པའི།།
སུམ་རྩེན་མཐོ་རིས་ཀྱི་ལྷ་ཚོགས།།
འཆི་མེད་གཡང་ཆགས་ཀྱི་རི་ནས།།
ཆིབས་ཀྱི་ཁ་ལོ་དེ་བསྒྱུར་མཛོད།།
སྒོས་སུ་འཚོ་བྱུང་གི་བུ་མོ།།
པི་ཝང་འཁྲོལ་ཆ་དེ་བཞག་ནས།།
གནམ་ཟམ་རྨུ་ཐག་ལ་འཁྲིལ་ཏེ།།
སྙན་ངག་སྤྲང་ལམ་དུ་ཕེབས་མཛོད།།
ངེས་མེད་གང་ས་རུ་འཕྱན་པའི།།
ཨ་མའི་སེམས་ཁྲལ་གྱི་སྒྱེ་མོ།།
ཐལ་རླུང་གཡུལ་ས་རུ་མ་འདུག།
འཚོ་བའི་རྡུལ་བརྩེགས་ཀྱིས་སྦག་ཡོང་།།
མུན་ནག་འཇིག་རྟེན་གྱི་སྟེགས་བུར།།
ཟླ་བའི་འོད་གུར་དེ་འཚོལ་དགོས།།
འཚོ་བའི་བྲོ་གར་གྱི་གསེང་ནས།།
རི་བོང་སྟངས་སྟབས་དེ་འཚོལ་དགོས།།
ལས་དབང་ཤི་རྨས་ཀྱི་རུ་དཔུང་།།
ཇི་ལྟར་གཉན་འཇིགས་དེ་ཆེ་ཡང་།།
སྙིང་སྟོབས་ངར་ཤུགས་ཀྱི་དར་ཆ།།
ནམ་མཁར་ལྷབ་ལྷུབ་ཏུ་གཡོ་དགོས།།
བདེ་སྣང་མིག་མདུན་གྱི་ཀོ་གྲུས།།
འགྲུལ་པའི་བློ་སེམས་དེ་བཀུག་ཀྱང་།།
བཞུད་ལམ་རྐང་ཐང་གིས་བཅད་དེ།།
དགོས་འདོད་ཀུན་འབྱུང་དེ་ལེན་དགོས།།
ཕར་དགག་ཚུར་དགག་གི་ཁྲོམ་རར།།
རྨོངས་པའི་ཁྱི་རྒན་ལ་བཞོན་ཏེ།།
དོན་མེད་མུ་ཅོར་གྱིས་བཀང་ན།།
བདེན་པའི་ཞི་མི་དེ་སྐྲག་འགྲོ།།
མཐིང་སྨུག་སྦྲ་ནག་གི་འདབས་ནས།།
འབྲོག་མོའི་བཞིན་རས་ལ་འོ་བྱོས།།
བ་གམ་གྲོང་ཁྱེར་གྱི་གསེང་ནས།།
རྒྱ་མོའི་བརླ་ཤ་ལ་ལྟོས་འཚལ།།
འཆར་ཡན་ཚོར་སྣང་གི་བ་མོ།།
མུ་མེད་རྩྭ་ཐང་ལ་མ་འཚོ།།
འཚོ་གནས་རིང་ལུགས་ཀྱི་ཕར་སྤྱང་།།
གཡང་དཀར་ཁྱུ་ཚོགས་སུ་གཏོང་དགོས།།
ཕྱི་བཟོ་ནམ་མཁའ་ཡི་སྟེགས་བུར།།
མདོ་མེད་འབྲུག་སྐད་རེ་མ་རྒྱག།།
ལྷིང་འཇགས་ལག་ལེན་གྱི་གཡུལ་སར།།
དགྲ་བོའི་མགོ་ལག་དེ་གཅད་དགོས།།
བསམ་མེད་འགྱིང་རི་ཡི་རྦབ་རྡོ།།
གཤོག་པས་འགོག་ཐབས་ཤིག་མེད་པས།།
སེམས་ཆུང་བློ་གྲོས་ཀྱི་གསེར་སྦྲང་།།
སྔ་ཙམ་གཡོལ་ཐབས་རེ་བྱེད་དགོས།།
སྔོ་ལྗང་སྤྱི་ཚོགས་ཀྱི་རྐང་འཐུང་།།
ཆགས་འཇིག་སྒོ་ར་ན་སྐྱེས་པས།།
སྙོམ་ལས་འབུ་ལྷམ་ལ་མ་གཡེང་།།
གཡུ་ལོ་འདབ་སྟོང་དེ་དགྲོལ་དགོས།།
ཐབས་ཤེས་ཁྱུང་ཆེན་གྱི་གཤོག་རླབས།།
ཟང་ཟིང་ནམ་མཁའ་རུ་འགྱུར་ཞིང་།།
མྱི་ཁའི་སྤྲིན་ཕུང་དེ་གཏོར་ནས།།
རང་དབང་སྟོང་ཆ་དེ་འཚོལ་དགོས།།
རྩོམ་གསར། 10