གས་ཆག་ཤོག་བའི་མེ་ལོང་།

རྣམ་ཤེས་ཕྲ་མོ།        2020-08-31

བཞིན་གྱི་གཉེར་མ་མང་ཞིག་ཉུང་ན་ཡང་།།

གྲོགས་དང་དགྲ་བོ་གང་ཞིག་གྱུར་ཡོད་ཀྱང་།།

དགའ་བའི་སྙིང་གཏམ་བཤད་ཀྱང་མ་བཤད་རུང་།།

མགོ་བོར་འཁོར་ཕྱོགས་ཁྱེད་ལས་གཞན་ཞིག་མེད།།

ལུས་ཀྱི་འབྱུང་བཞི་བདེ་བར་གནས་ན་ཡང་།།

སེམས་ཀྱི་ན་ཚ་དེ་ནི་མི་འཇགས་པས།།

བདག་གི་སྨན་པ་གང་ཞིག་ཡོད་འགྱུར་ན།།

བསམ་ནས་མཚན་སྨུག་གཅེར་བུར་འདུར་དགོས་བྱུང་།།

སྣང་བ་གང་དེས་སྒོ་ཡོད་འབྱེད་ན་ཡང་།།

ལོག་སའི་ཁྱིམ་དེ་རྙེད་པ་དཀའ་བས་ན།།

རྣ་དབང་སྐོང་བའི་གླུ་དེ་སྙན་ན་ཡང་།།

གླུ་མཁན་དེ་ནི་ཅི་འདྲའི་བཙོག་པ་ལ།།

མཁའ་དབྱིངས་བྱ་ཕོ་ཚང་ལ་ལོག་ནས་སུ།།

དགའ་བའི་གཏམ་གྱིས་བདག་གི་གཉིད་རྨུགས་དཀྲོལ།།

བྱ་ཁྱུ་མཐུན་པའི་གནས་དེ་མཐོང་ཤུལ་དུ།།

འཇིག་རྟེན་འདི་ཡང་མྱུར་དུ་འཇིག་ན་བསམ།།

ལག་པས་སེམས་པ་བཙན་གྱིས་བསྐྱངས་ན་ཡང་།།

གས་སྲུབས་བར་ནས་ཟགས་པའི་ལུས་པོ་འདིར།།

དྲན་པའི་མཚོན་ཆས་ཡང་ཡང་བསྣུན་པས་ན།།

རྨ་ཁ་མེད་པའི་ཟུག་གཟེར་ཤུགས་ཀྱིས་བྱུང་།།

ཕར་ལ་བརྒྱུགས་ཏེ་སླར་ཡང་ཚུར་འོང་ནས།།

དམར་པོ་སེམས་པས་ཟུག་རྔུ་མི་བཟོད་པས།།

ཤུགས་ཀྱིས་ངུས་ཀྱང་སྐང་སྒྲ་དབེན་ནས་སུ།།

མགོ་བོར་བསྒུལ་ཏེ་འཆི་བདག་བསྒུག་པར་བྱ།།

རྒྱང་རིང་དར་ལྕོག་རླུང་གིས་བསྐྱོད་ཤུལ་དུ།།

དར་སྐུད་ཕྲ་མོ་སུ་ཡིས་བཟུང་ཡོད་དམ།།

དྲང་པོ་བཤད་ན་སུས་ཀྱང་མི་ཤེས་མོད།།

བདག་གིས་བསམ་ན་བདག་ཉིད་ཡིན་ན་སྙམ།།

བསམ་ཕྱོགས་མེད་དུས་གྲོགས་པོའི་ཚུལ་རོལ་ཞིང་།།

སེམས་པ་འཁོར་དུས་དགྲ་བའི་ཚུལ་བཅངས་ཏེ།།

སྤྲུལ་པའི་རྫས་ཀྱིས་མིག་དབང་བསྒྱུར་བ་ཡིས།།

དགའ་སྡུག་གཉིས་ཀྱི་ཚོར་བ་ལན་མང་འོང་།།

འདུས་པའི་མཐའ་མར་བྲལ་འདི་ཆོས་ཉིད་དང་།།

སྐྱེས་པའི་རྗེས་སུ་འགག་པའི་ལས་འབྲས་གཉིས།།

གང་ཟག་སུས་ཀྱང་བསྒྱུར་དུ་མེད་ན་ཡང་།།

འུ་གཉིས་ཕྲད་པའི་སྐབས་ཤིག་ཅིས་ཀྱང་དགོས།།

མཐུན་པའི་དགོད་སྒྲ་དེ་ནི་ཐུང་བ་ལ།།

མྱོང་ཚུལ་དེ་ཡང་མཚན་གྱི་རྨི་ལམ་འདྲ།།

སོ་སོར་བྲལ་བའི་དུས་འདི་རིང་པ་ལ།།

སེམས་པ་འདི་ཡང་བཟི་ནས་སྨྱོ་ལ་ཁད།།

སྡུག་བསྔལ་འདི་ཡིས་སེམས་པར་བསད་པ་ན།།

རོ་ལངས་བྱེད་པའི་སྙིང་སྟོབས་མ་ལྡན་ཡང་།།

ཤི་ནས་བར་དོ་འཁྱམས་པའི་ས་མཚམས་སུ།།

ཅིས་ཀྱང་ཁྱེད་དང་འགྲོག་པའི་སྐབས་བརྩོན་དགོས།།

ཚེ་རབས་གཅིག་གི་མི་ཚེ་མ་རྫོགས་གོང་།།

ཁྱེད་དང་འགྲོག་པའི་སྐལ་བ་ལྡན་འགྱུར་ན།།

ལྕགས་སྲེག་ས་གཞིའི་ལས་དེ་རྒྱུད་དགོས་ཀྱང་།།

འགྱོད་མེད་ངང་ནས་མགོ་བོར་བསྒུལ་ཏེ་འགྲོ།།

  • ལེ་ཚན་སྔོན་མ།:བར་ཐག་རི་ཆུས་བཅད་པའི་ཁྱེད།
  • ལེ་ཚན་རྗེས་མ།:གཞས་ཚིག་ཐོག་ནས་འབའ་ཐང་རྫོང་མཁར་གྱི་མཛེས་ལྗོངས་བརྒྱད་ལ་བསྟོད་པ།