དབུ་འཇིགས་མེད། 2020-08-14
སེམས་པའི་གསེབ་ན་དུངས་བའི་སྐད་ཆ་ཡོད།།
ཟླ་བའི་དྲི་མེད་ཡངས་པའི་དཀྱིལ་འཁོར་ནས།།
གཉོམ་དུངས་ཚིག་གི་བདུད་རྩི་ཁྱེད་ཉིད་འདྲེན།།
ལོ་ཟླའི་བསིལ་རླུང་འཇམ་པོ་ཁྱེད་ཉིད་ཕྱོགས།།
དམིགས་མེད་བརྩེ་བའི་རྫ་ཆུ་དྭངས་མ་བཞུར།།
དུངས་བའི་མཚོ་མོ་ཡིད་གཞུང་དཀྱིལ་དུ་འཁྱིལ།།
དབྱར་ལྗོངས་ཧྲིལ་བོ་བརྩེ་བའི་བཅུད་ལ་རོལ།།
སྨོན་ལམ་ཡག་པོ་བཏབ་པའི་འབྲས་བཟང་རྙེད།།
མུ་མཐའ་བྲལ་བའི་ཡངས་པའི་འཁོར་བ་ཞིག།
རྟག་བརྟན་བྲལ་བའི་ཆོས་ཉིད་གཤིས་ཀྱི་ངོར།།
གཉུག་མའི་སེམས་ཀྱི་སྣང་བའི་ཟློས་གར་ཞིག།
ཚིག་གི་ཆོ་འཕྲུལ་བཞེངས་པའི་ཕོ་བྲང་ཡོད།།
བར་ཐག་རི་ཆུ་སྟོང་གིས་བཅད་པའི་ལས།།
བསྐལ་བ་སྟོང་གིས་བསགས་པའི་རྒྱུ་ཉིད་ཡིན།།
བརྩེ་བའི་ལས་འཕྲོ་མུ་ཏིག་ཕྲེང་མཛེས་ཤིག།
བརྩེ་བ་གཙང་མའི་ས་གཞི་དྲོད་མོ་ཡིན།།
གཡུ་བྱུར་ལུས་ལ་རྒྱན་པའི་སྨིན་དྲུག་མ།།
ཚིག་དྲུག་སྙུག་མའི་ལང་ཚོ་འོད་ཟེར་འཕྲོས།།
ཡིད་དུ་ལྷུང་བའི་མེ་ཏོག་འཛུམ་པའི་གྲོལ།།
བརྩེ་བའི་གྲུ་ཆར་སེམས་སུ་འབབ་ཀྱིན་ཡོད།།
གཡང་དཀར་སྤང་ལ་དེད་པའི་རྫི་བུ་མ།།
ནོར་གནག་འཚོ་བའི་འབྲོག་མོ་དཀྱུས་མ་ཡིན།།
སྲོལ་རྒྱུན་བཟང་པོའི་གཞི་འཛིན་བདག་མོ་ཡིན།།
བོད་ཡུལ་ཆོས་ལ་དགའ་བའི་འབྲོག་ཕྲུག་མ།།
སྲིད་ངོགས་དཀར་ནག་གཉིས་ཀྱི་སོ་འཚམས་ན།།
ལས་དབང་ཁྲ་མོ་ཞིག་གི་བགྲོད་ལམ་ཡོད།།
སེམས་དབུས་གཙང་མ་ཞིག་གི་ཡིད་གཞུང་ན།།
འདང་ཆེན་དབྱར་གྱི་མེ་ཏོག་སེར་ཆེན་འཁྲུངས།།
སྙན་ཚིག་མགུར་མ་སྣང་སྟོང་དབྱིངས་སུ་གྱེར།།
དྲན་པ་བརྒྱ་སྟོང་ཚོར་བའི་དབྱངས་སུ་ལྷུང་།།
བརྩེ་བའི་དབྱངས་ཅན་ལྷ་མོ་འབོད་བཞིན་དུ།།
ངག་རིག་སྨྲ་བའི་རང་བཞིན་འཚོལ་གྱིན་འདུག།
རྩོམ་གསར། 10