སྒྱུ་མའི་ཁམས་སྒུལ་བའི་བསིལ་རླུང་།

གུ་དཔལ་ཤིས།        2020-08-14

ཁྱོད་ཀྱིས་ཟུར་མིག་མདའ་ཞིག་འཕངས་པས་ང་རང་རྨ་མེད་ཁྲག་དམར་རྡོལ།།

ཁྱོད་ཀྱིས་འཛུམ་ཆུང་གྲོལ་ཙམ་བྱས་པས་ལུས་སེམས་རྦད་དེ་སྨྲ་མེད་ལུས།།

ཁྱོད་ཀྱིས་མཆུ་སྒྲོས་ལྷེམ་ཙམ་བྱས་པས་དྲན་སྣང་རླུང་བུ་འཇགས་དུས་དབེན།།

ཁྱོད་ཀྱིས་མཛའ་གཞས་དབྱངས་སུ་གྱེར་ན་དེ་རུ་ཉན་པའི་རི་དྭགས་བརྫུས།།

ཁྱོད་ཀྱིས་གོམ་འགྲོས་ལྡེམ་ཙམ་བགྱིས་པས་ང་ཡི་སྙིང་ཆུང་དྲུད་ནས་ཐལ།།

 

ཁྱོད་ཀྱི་སྐྲ་ལོ་རླུང་གིས་གསེད་དུས་དུང་ཞེན་མུ་ཏིག་ཞེ་རུ་འཐོར།།

ཁྱོད་ཀྱི་མཁུར་ཚོས་དམར་མདངས་རིག་ན་ཞེ་ཆགས་སྟོང་གི་རྨི་ལམ་འཁོར།།

ཁྱོད་ཀྱི་གཤིས་བག་ཞེ་ནས་དྲན་ན་སྨོན་པའི་སྐོམ་གདུང་གྲངས་མེད་མནར།།

ཁྱོད་ཀྱི་ངག་སྒྲོས་དབྱངས་ཟིལ་རེ་རེ་བསྐལ་བ་སྟོང་གི་མི་འཇིག་གླུ།།

ཁྱོད་ཀྱི་ལུས་དྲི་འཇམ་མཉེན་མེ་ཏོག་སེམས་ཀྱི་སྣ་དབང་སྦྲིད་ནས་ཐལ།།

 

ཁྱོད་ནི་སྣང་བའི་སྒྱུ་མའི་རུ་གྲོང་ཚོགས་དྲུག་སྒུལ་བའི་གྱད་པོ་རླུང་།།

ཁྱོད་ནི་འཆར་ཡན་ཀུན་རྟོག་འཕྲོ་བའི་སྒྱུ་འཕྲུལ་སྒེའུ་ཁུང་རང་གྲུབ་ཉིད།།

ཁྱོད་ནི་དྲན་པའི་མཁར་སྒོ་སྲུང་བའི་ཉིན་མཚན་དུས་དྲུག་མེལ་ཚེ་བ།།

ཁྱོད་ནི་སྙིང་གི་སྙི་ས་དེ་རུ་ཚེར་མ་བཞིན་དུ་ཟུག་ཚར་འདུག།

ཁྱོད་ནི་ཡིད་ཀྱི་གཉའ་སའི་ཀུན་གཞིར་འོད་ཀྱི་ཕོ་བྲང་བཞེངས་ཚར་འདུག།

 

ཁྱོད་རང་མཐོང་དུས་སེང་ལྕམ་འབྲུག་མོ་མིག་གི་མདུན་སར་ལྷགས་པ་བསམ།།

ཁྱོད་རང་རིག་དུས་སྒྱུ་མ་ལྷ་མཛེས་མངོན་སུམ་དབང་པོས་རེག་པར་ཚོར།།

ཁྱོད་རང་ལྟ་དུས་ལྷ་ཡི་བུ་མོ་འཆོར་བའི་སྒེག་འགྲོས་ཡིད་ཀྱིས་མྱོང་།།

ཁྱོད་རང་དྲན་དུས་དུས་གསུམ་རླུང་བུ་འཇགས་པར་མེད་པ་ཕྱོགས་གཅིག་ལྡང་།།

ཁྱོད་རང་ཟེར་དུས་སེམས་དང་སེམས་པ་ཆུ་ལས་ཆུ་བུར་རྡོལ་བ་ཉིད།།

 

ཁྱོད་ལ་བདོག་པའི་སྤྱན་ཟུང་ཉི་ཟླ་དྲན་པ་དབྱིངས་ཀྱི་དགུང་སྔོན་འཚེར།།

ཁྱོད་ལ་འཛོམས་པའི་འོ་མའི་དུང་མཚོར་ངང་ངུར་ཆ་འགྲིག་མཉམ་དུ་ཞུགས།།

ཁྱོད་ལ་འཚམས་པའི་མེ་ཏོག་སྐེ་རྒྱན་ཡིད་ཀྱི་ཚོར་བས་སྔར་ནས་བསླས།།

ཁྱོད་ལ་ཡོད་པའི་དུས་བཞི་གཤིས་ཀ་སེམས་འདིས་ཁོར་ཡུག་ལོབས་ནས་འདུག།

ཁྱོད་ལ་འཐུལ་བའི་འོ་མའི་རྩམ་དྲི་ཞེ་ཡི་སྣོམ་པའི་ཟས་ཀྱི་མཆོག།


  • ལེ་ཚན་སྔོན་མ།:སྒྱུ་འཕྲུལ་གྱི་སོར་རྩེ།
  • ལེ་ཚན་རྗེས་མ།:སེམས་ཤོར་གྱི་བུ་མོ་ཞིག་ལ་སྤྲིངས།