བླ་མཚོ་དང་འཆར་ཡན། (ཞར་བཀོད་གསུམ།)

ཐང་གཞུང་རྟ་མགྲིན་རྡོ་རྗེ།(ཀན་ལྷོ)        2017-08-24

བླ་མཚོ་དང་འཆར་ཡན། (ཞར་བཀོད་གསུམ།)

ང་ནི་ཁ་བ་མ་བབས་པའི་སྔོན་ནས།

མཚོ་སྔོན་པོར་སླེབས་ཡོད།

མཚོ་སྔོན་པོའི་ཁ་ནས།

རླུང་དང་ཆར་བར་འགྲོགས་ནས།

ཅི་ཞིག་བོར་བར་ཞེན་ནས།

ཡུན་རིང་ཡུན་རིང་ཞིག་ལ་ལུས།

 

མཚོ་སྔོན་པོར་སྐོར་བ་བརྒྱབ་ནས།

རྩྭ་ཐང་དང་རླབས་སྒྲར་ཉན་ནས།

ཅི་ཞིག་ཐོས་པར་རྣ་བ་བསྲིངས་ཀྱང་།

ངག་བཅད་ལྟ་བུའི་མཚོ་མོ་ནི།

རྡོ་རིང་ངོས་ཀྱི་ཡི་གེ་བཞིན་འཇགས་ཤིང་།

ཚོར་བ་ཡེ་ནས་མེད་པར་ཧད་ཅིང་ཧད།

 

ཁོང་འདར་རྒྱག་འདྲའི་ཏིང་འཛིན་གྱི་བླ་མཚོ་ནི།

གནའ་མིའི་ཡུལ་གྱེར་གྱི་སྙན་ངག་བཞིན།

ང་ཡི་ཁོག་པར་འཐིམས་ནས་བྱུང་།

བརྩེ་བ་དང་ན་ཟུག་གིས་བྲན་པའི་སྣང་བརྙན་ནི།

སུ་ཞིག་ལ་ངང་སྒུག་བྱེད་པའི་མདངས་སུ་མངོན།

 

ཨམ་གཙིགས་བསྡམས་འདྲའི་ཁྲི་ཤོར་རྒྱལ་མོ་ལགས།

ད་ནི་ཡུན་རིང་བཞུར་བའི་མིག་ཆུར་ཉོན་དང་།

གེགས་དང་བར་ཆད་ཕོག་པའི་གླུ་ལ་ཉོན་ཅིག

ཟླ་འོད་དང་སྐར་ཚོམ་འཁྱུག་པའི་བྲེད་ཤ་ལ་ལྟོས་དང་།

ངས་གཟབ་ནན་གྱིས་ཅི་ཞིག་ཐོས་བྱུང་།

ཉ་མོ་དང་ངང་མོའི་ཨག་སྐད་ཅིག

མི་སྐད་དང་ཆུ་སྲམ་གྱི་འབོད་པ་ཅིག

ནམ་མཁའ་དང་མཚོ་མོའི་གསང་གཏམ་ཞིག

 

གང་དུ་འགྲོ།

 

ང་ནི་ངར་ཀྱིས་བསྐྱེད་འདྲའི་ཚེ་སྲོག་ཅིག་ཡིན་ན།

ང་ནི་ང་རོས་གཡོགས་པའི་དབུགས་ཀྱི་འཚང་ཀ་དེར་འཕྲད་འོས།

ང་ནི་རི་མོར་ཕབ་པའི་ལམ་གྱི་སྣེ་དེ་ཡིན་ན།

ང་ནི་སེམས་ཀྱི་འགུལ་རྒྱུན་རིང་མོའི་རླུང་ལ་འདྲེས་འོས།

 

ང་ནི་གང་དུ་འགྲོ

ང་ཡི་འགྲོ་ས་གང་རེད།

ང་ནི་ཚུགས་ཐུབ་ཀྱི་ལོ་ཟླ་སྲུང་བའི་མི་དེ་ཡིན།

ང་ནི་ཕྱིར་ནུར་མེད་པའི་གྲོགས་ཀྱི་གཙང་བོ་དེ་ཡིན།

ང་ནི་ནམ་ཞར་འོང་བའི་གོམ་པ་རེ་རེ་ཡིན།

 

ང་ཡི་འགྲོ་ས་གང་རེད།

ང་རང་གང་ནས་གང་དུ་འགྲོ།

ང་ནི་རྡོ་རིང་ངོས་ཀྱི་ཡི་གེ་དག་གི་གསེང་ལ་འགྲོ།

ང་ནི་ང་ཡི་རིགས་འདིའི་སེམས་སུ་འགྲོ།

ང་ནི་གཟའ་རོ་ལྟ་བུའི་ཡུལ་དེར་འགྲོ།

ང་ནི་རྨི་ལམ་ཐོགས་པའི་སྒོ་དེར་འགྲོ།

ང་ནི་ལམ་དེའི་ཕྱོགས་སུ་འགྲོ།

 

ཉིན་དེ་ནི་ཅི་ཞིག་རེད།

 

ཉིན་དེ་ནི་སྐད་ཅིག་མའི་གློག་གི་འཁྱུག་རིས་ཤིག

ཉིན་དེ་ནི་མིད་པ་བརྣངས་ཏེ་སྐད་ཆ་མེད་དུས་ཤིག

ཉིན་དེ་ནི་ཁ་བ་བབས་རྗེས་ཀྱི་འཆར་ཡན་སྣ་ཚོགས་ཤིག

ཉིན་དེ་ནི་རུས་པའི་ངོས་སུ་རང་ཉིད་འབྲི་སྟངས་ཤིག

ཉིན་དེ་ནི་ཁྱེད་རང་རླུང་དང་སྤྲིན་པར་ཆགས་ཚུལ་ཞིག

ཉིན་དེ་ནི་ཁྱེད་རང་ས་ཆེན་དང་ནམ་མཁར་གྱེས་ཚུལ་ཞིག

ཉིན་དེ་ནི་ཁྱེད་རང་ཉི་མ་དང་ཟླ་བར་གྱེས་སྟངས་ཤིག

ཉིན་དེ་ནི་ཁྱེད་རང་གསོན་ནས་ཤི་ཚུལ་ཞིག

ཉིན་དེ་ནི་ཁྱེད་རང་ཤིང་ལོར་འཐིམ་པའི་མྱ་ངན་ཞིག

ཉིན་དེ་ནི་ཁྱེད་རང་བྲིས་ནས་ཚར་ལ་ཉེ་བའི་སྙན་ངག་ཅིག

 

ཡུལ་ལ་འཁྲེང་བ།


ཕ་ཡུལ་ནི་གནམ་ས་འདྲེས་མཚམས་ཀྱི་ས་སྒང་རིལ་མོ་ཞིག

ཕ་ཡུལ་ནི་སྲོག་གི་ཀ་བ་ལྟ་བུའི་གངས་རིའི་ཞིང་ཁམས་ཤིག

ཕ་ཡུལ་ནི་སོང་ན་ཚར་རྒྱུ་མེད་པའི་ལམ་གྱི་སྣེ་མོ་ཞིག

ཕ་ཡུལ་ནི་ཡུལ་ལ་ལོག་སའི་གནས་མལ་དྲོན་མོ་ཞིག

ཕ་ཡུལ་ནི་རེ་བའི་ཨམ་ཚུགས་བསྡམ་པའི་ས་ཆེན་ཆུ་ཆེན་ཞིག

ཕ་ཡུལ་ནི་ངུ་སླ་ཞིང་དགོད་སྐྱེན་པའི་བྱིས་པ་ཆུང་ཆུང་ཞིག

ཕ་ཡུལ་ནི་གསལ་ལ་མི་གསལ་བའི་སྙིང་གི་རི་མོ་ཞིག

ཕ་ཡུལ་ནི་འཆར་བར་གོམས་པའི་ཉི་མ་དང་ཟླ་བ་ཞིག


  • ལེ་ཚན་སྔོན་མ།:ཐོག་མའི་སེམས་།
  • ལེ་ཚན་རྗེས་མ།:གངས་འདབས་ཀྱི་ཁྱོད།