མགར་མེ་དུངས། 2020-07-03
རྟོག་བཏགས་ཀུན་རྫོབ་མྱོས་པའི་སྒང་གཤོང་ཞིག་ནས།།
མུན་པའི་འཇིག་རྟེན་སྣང་བའི་མདུན་པ་གྲོལ་ཏེ།།
རེ་དོགས་སྤུ་གྲི་ངར་མའི་དབུས་སུ་མཆེད་ཞོར།།
ཟུར་མིག་ཡ་གའི་གཞུ་ཡི་མདའ་མོ་ལྟར་དུ།།
ལས་ཀྱི་རི་མོ་བྲིས་པའི་ས་སྲོད་ཅིག་ལ།།
ཞེ་འདང་ཆུ་ཡི་ཐིགས་པ་ལམ་བར་བརྒྱུད་ནས།།
འཁོར་བའི་སྙིང་པོ་བརྒལ་བའི་ཐང་ཆུང་ཐང་དུ།།
ཞེན་ཆགས་ཆུ་ཡི་རླབས་རིས་རབ་ཏུ་འཁྲོལ་བཞིན།།
གར་འགྲོ་མེད་པའི་འཇའ་སྟེང་ཕྱི་མིག་འཐེན་གྱིན།།
སྐྱིད་སྡུག་རྐང་རྗེས་མདུན་དུ་ལན་གཅིག་བཅར་ཞོར།།
ཡུན་རིང་རྨིས་པའི་རྨི་ལམ་ཕྱི་རོལ་ལོག་སྟེ།།
དྲན་པ་གདུང་བའི་བཞིན་རས་རྒྱན་ཆ་བྱས་ཤིང་།།
སེམས་ཀྱི་གཟུང་ཐག་མཚོ་མོའི་རླབས་བཞིན་འཕྱུར་ནས།།
བརྩེ་བའི་སྒེག་མོར་དུངས་བས་མྱོས་པའི་གཤིས་ལ།།
མེ་ལོང་ནང་གི་ལྷ་མོའི་ཡིད་འཛིན་ཆགས་ན།།
ང་ཡིས་དཀར་ཡོལ་དཀར་གཙང་གོང་བུའི་ནང་དུ།།
རྣམ་རྟོག་རླུང་གིས་འཆིབ་པའི་སྙན་ངག་བྲི་ངེས།།
ཀུན་སྣང་སེམས་ཀྱི་ཕོ་བྲང་དབྱིངས་སུ་རུམ་ནས།།
སེམས་སུ་སྨུག་པ་ཆགས་པའི་མངར་སྐྱུར་ཚ་པོས།།
ཁྲ་ཆུང་མིག་གིས་བལྟས་པའི་མེ་ལོང་ངོས་སུ།།
རྟོག་བཏགས་རླུང་བུ་འཇམ་པོ་གཡོ་བའི་གཏམ་རྒྱུད།།
མྱོས་བྱེད་ཆང་གིས་བཟི་ཁྱོམ་འདར་འདར་ཡོམ་ཡོམ།།
ཟུར་མིག་གཞུ་ཡི་ནང་གི་མདའ་མོ་ལྟ་བུ།།
ལ་ལུང་གང་བརྒལ་གཞུ་མཆོག་དཀར་རྒྱུད་ལས་བཞིན།།
ལས་ཀྱི་རི་མོར་བྲིས་པའི་དབྱངས་ཀྱི་སྐུད་ལ།།
དར་གོས་སྣ་ཚོགས་བཀླུབས་པའི་སྒྱུ་མའི་ཐང་ནས།།
སྤང་གི་མེ་ཏོག་དཀར་དམར་བཞད་ཚུལ་བལྟས་ན།།
ཆར་བ་སིམ་སིམ་མ་ཞིག་འབབ་པ་བདེན་སྐད།།
མཚོ་མོ་དྭངས་གསལ་མ་ཞིག་འཁྱིལ་བ་ཡག་སྐད།།
རླུང་བུ་འཇམ་འཇམ་མ་ཞིག་ལྡང་བ་བསིལ་སྐད།།
ལོ་དང་ཟླ་བས་བརྡར་ཀྱང་ཡལ་ཐབས་མེད་སྐད།།
སེམས་པའི་དྭངས་གསལ་མེ་ལོང་བརྩེ་བའི་མཛོད་དུ།།
རེ་སྨོན་བཀྲ་ཤིས་རྟགས་བརྒྱད་རྟོགས་པས་བཏགས་ཤིང་།།
དགའ་སྐྱོ་སེམས་ཀྱི་སྐུད་པ་གཞུང་ལ་དཀྲིས་ནས།།
མཐའ་མེད་འཁོར་བའི་གསེབ་ནས་གླུ་ཞིག་ལེན་ངེས།།
རྩོམ་གསར། 10