ཚེ་རིང་དབང་རྒྱལ། 2020-07-01
རྣམ་མང་རིག་གཞུང་རྒྱ་མཚོའི་ཕ་མཐའ་རྒྱལ། །
རྣམ་དཀར་ལེགས་པའི་ས་བོན་འབངས་ལ་བཏབ། །
རྣམ་ཀུན་ང་དྲུག་ཀུན་ལ་ཕན་མཛད་པའི། །
རྣམ་དཔྱོད་ཏང་ལ་བསྟོད་གླུ་འབུལ་ལ་སྤྲོ། །
བླ་མེད་གུང་ཁྲན་བཀའ་དྲིན་འོད་ཟེར་གྱིས། །
གངས་ཅན་རྨོངས་འཐོམས་མུན་པ་རབ་བསལ་ནས། །
ཁ་བའི་ཡུལ་ལ་བྱམས་བརྩེ་སྟེར་བའི་དྲིན། །
ལྷག་བསམ་དཀར་པོས་འདི་རུ་གླེང་བར་བྱ། །
ཕྱོགས་བཞི་མཚམས་བརྒྱད་གངས་རིས་བསྐོར་བ་ཡིས། །
མངོན་པར་བཀྲ་བའི་གངས་རྒྱན་པད་མས་སྤུད། །
ཁོ་ར་ཁོར་ཡུག་རྩྭ་ལྗང་མེ་ཏོག་རྒྱན། །
ཆོལ་གསུམ་གང་སར་ཆོས་ཀྱི་དྲི་བསུང་འཐུལ། །
འོན་ཀྱང་བློ་ངན་དུག་སྦྲུལ་འདྲ་བའི་མིས། །
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྷགས་མེད་གཏོར། །
མི་ཆོས་སོག་མའི་འཕོན་ཐག་མ་ལུས་བཅད། །
ཆོལ་གསུམ་ཀླ་ཀློའི་ཉོན་མོངས་དུག་ལ་སྦྱར། །
དེ་ནས་ཁྱི་ཚོགས་ནང་མུར་ལས་ལ་འཇུག །
མངའ་བདག་གསུམ་གྱིས་སྙན་གྲགས་བ་དན་འཕྱར། །
ཡུལ་ཁྲིམས་རང་བཟོས་གང་དགའ་གང་སྐྱིད་ཀྱིས། །
བོད་ཡུལ་མུན་ནག་ལམ་དུ་སོང་བ་སྐྱོ། །
གློ་བུར་ཞིང་བྲན་ཁྲི་ཚོར་བཅིངས་འགྲོལ་གྱིས། །
སྡུག་རྩུབ་མུན་པའི་ཡོལ་བ་ཚལ་བརྒྱར་བཏུབ། །
བདེ་སྐྱིད་འོད་སྣང་གསེར་གྱིས་གློག་ཞུན་སྒྲོན། །
ཡར་ལངས་ཞིང་བྲན་དགའ་བདེའི་དཔལ་ལ་རོལ། །
བསྒྱུར་བཅོས་སྒོ་དབྱེའི་སྲིད་བཟང་གནམ་ལྕགས་འབར། །
དབུལ་ཐར་ཕྱུག་འགྱུར་སྦྲང་ཆར་ཟིལ་མ་འབབ། །
རང་དབང་སྤྱི་ཚོགས་ཐོན་སྐྱེད་མྱུ་གུ་རྒྱས། །
དཔལ་འབྱོར་འཕེལ་རྒྱས་ཡར་ངོའི་ཟླ་ལ་འགྲན། །
མཚོན་བྱེད་གསུམ་གྱིས་གལ་ཆེའི་དགོངས་པ་ཡིས། །
ཞིང་འབྲོག་གནས་ཚུལ་སྤྱི་བོའི་རྒྱན་དུ་བརྩི། །
ཞིང་པའི་སེམས་པ་རླབས་ཆེན་ཏང་ལ་ཕྱོགས། །
སྲོལ་རྒྱུན་རིག་གནས་མ་ཉམས་རྒྱུན་འཛིན་གཅིག །
ཚན་རིག་བུ་མོ་བག་མར་བསུ་བ་གཉིས། །
ལག་རྩལ་ཕོ་གསར་མག་པར་ལེན་པ་སོགས། །
མདོར་ན་བོད་གསར་རྟེན་འབྲེལ་རྫོགས་མེད་བྱུང་། །
གཞུང་ལམ་ཐམས་ཅད་སྐྱ་ཐེར་མཐོང་རྒྱུ་མེད། །
ཞིང་ལས་འབྲོག་ལས་འཕྲུལ་ཆས་ཅན་དུ་འགྱུར། །
ཉིན་མཚན་ལྟོས་མེད་སྐྱ་འོད་གློག་གསལ་སྒྲོན། །
དེང་གི་འཚོ་བར་ལྷ་ཡང་འཁུ་བར་འགྱུར། །
འགན་གསུམ་སྲིད་ཇུས་དཔྱིད་དཔལ་གང་སར་ཁྱབ། །
གཙུག་ལག་རིག་གནས་པད་བཅུད་རོལ་བ་ཡི། །
གཡུ་སྦྲང་བོད་ཕྲུག་རྣམས་ཀྱི་འཛུམ་ལས་ནི། །
འཚོ་བ་གསར་པའི་དྲོ་སྐྱིད་ལྷག་པར་མངོན། །
མཛེས་མཛེས་དེང་གི་བོད་ཡུལ་རྣམ་པ་མཛེས། །
དར་དར་ཚན་རིག་ལག་རྩལ་མ་ལུས་དར། །
སྐྱིད་སྐྱིད་དེང་གི་བོད་མིའི་འཚོ་བ་སྐྱིད། །
དྲན་དྲན་གུང་ཁྲན་བཀའ་དྲིན་ཡིད་ནས་དྲན། །
རྩོམ་གསར། 10