ངས་སྙན་ངག་ཡག་པོ་ཞིག་མ་འཁྱོངས་པའི་སྔོན་ཏག་ཏག

བསྟན་འཛིན་ཕུན་ཚོགས།        2020-05-27

མིག་གཉིས་མཉམ་དུ་ཞར་སོང་ན།

ངའི་སྐྲ་ལོའི་ཉག་མ་ལྷུང་མི་འོང་།

ངའི་མཁལ་མར་གཟེར་རྒོད་བརྒྱབ་མི་འོང་།

དེ་ལྟར་ནའང་། ང་ནི་འབར་ཞུན་འཚོང་བའི་བུ་མོ་ལྟར།

འཆར་ཡན་གྱི་བར་དོ་རུ་ཤི་འགྲོ།

ངས་སྙན་ངག་ཡག་པོ་ཞིག་མ་འཁྱོངས་པའི་སྔོན་ཏག་ཏག

ཆུང་མ་ངེད་གཉིས་ཁ་ཁ་བྲལ་སོང་ན།

ངའི་ཚོར་བ་རུ་མེ་ཁ་སྒོང་མཁན་མེད།

ངའི་དུ་བ་རུ་མེ་ཁ་སྒོང་མཁན་མེད།

དེ་ལྟར་ནའང་། ང་ནི་རྡོ་ཁང་གྲུ་བཞི་རུ།

གྲག་འགུལ་མེད་པར་ལྷག་འགྲོ

ངས་སྙན་ངག་ཡག་པོ་ཞིག་མ་འཁྱོངས་པའི་སྔོན་ཏག་ཏག

ནས་ཆང་དཀར་པོ་དེ་ཟད་སོང་ན།

ངའི་མཆིན་པར་འབྲས་སྐྲན་ན་མི་འོང་།

ངའི་སྙིང་ལ་ན་ཟུག་སྐྱེ་མི་འོང་།

དེ་ལྟར་ནའང་། ང་ནི་སྙིང་མེད་ཀྱི་རྡོ་བ་ལྟར།

འཁྱགས་རིལ་རིལ་དུ་གནས་འགྲོ

ངས་སྙན་ངག་ཡག་པོ་ཞིག་མ་འཁྱོངས་པའི་སྔོན་ཏག་ཏག

ང་ནི་བྱིས་པ་པྲ་ཆལ་ཞིག་ཡིན་འོས།

མེ་ཏོག་གིས་ཞྭ་མོ་བསླེས། རྡེའུ་ཡིས་ཁང་བ་བརྩིགས།



  • ལེ་ཚན་སྔོན་མ།:རྒས་རྒྱུ་མེད་པའི་ངོ་གདོང་།
  • ལེ་ཚན་རྗེས་མ།:སེམས་པའི་འགྱུ་ཕྱོགས།