ངག་གཞུའི་མདའ་མོ་ཤོར་བའི་ཤུར་སྒྲ།

རོལ་སྐུད།        2020-05-18

དྲེག་ལྡན་མེ་ཏོག་མདའ་ཅན་གྱི།།

རལ་བ་གདན་དུ་བླངས་བྱས་ཏེ།།

བསོད་ནམས་འཛད་མེད་གངྒའི་ཆབ།།

གངས་རིའི་རྒྱུན་དུ་འབེབ་པ་མོ།།

རེ་ཆགས་མིག་ཟུམ་ཀེམ་པ་ཡི།།

ཕལ་བའི་ནང་གི་བྲན་གཟུགས་ངར།།

རྒྱུ་འབྲས་སྲང་ཚད་མཉམ་པ་ཡི།།

ངག་རིག་ཟླ་བའི་བསིལ་བ་སྩོལ།།

རྒྱུ་ལུས་དབང་པོ་སྨིན་པ་ནས།།

དུས་དགྲའི་གཤེད་མོའི་བྲོ་གར་གྱི།།

གཟུགས་མེད་མདའ་མོས་དྲང་བ་ཡི།།

ཐ་ཚིག་གཏོར་བའི་ཀུན་རྟོག་འབེན།།

མང་ཐོས་ནོར་བུའི་ལྡིང་ཁང་དུ།།

བསྐྱོད་འདོད་གཙང་པོའི་བློ་བྲུག་ཀྱང་།།

སྒྲོལ་བྱེད་གཟིངས་གཟུགས་མ་མཐོང་བའི།།

དམིགས་བུ་སུ་ལ་ཐུགས་རྗེ་ཆགས།།

འཁོར་བའི་རླུང་གིས་བདས་པ་ཡི།།

ས་མཐའི་རི་དྭགས་ཁེར་འགྲོ་ང་།།

སྙན་པའི་སྒྲ་ལ་ཞེན་གྱུར་ཀྱང་།།

ལས་ཀྱི་རྔོན་པའི་མདེའུ་ཟུག།

སྲིད་པའི་ཨ་སྔོན་མཐོང་བྱེད་ཀྱི།།

སྤྱན་རིས་གསར་བ་མ་མཆིས་པས།།

ཡལ་ག་སྟུག་པའི་ནགས་ཚལ་དུ།།

སྨག་མུན་ཟ་བའི་མཚན་མོ་སྤྱོད།།

ཚེ་ཡི་རྒུད་པའི་མུན་འཇོམས་ཟེར།།

ནུབ་རིའི་ལ་རྩེར་སླེབས་པ་ཡིས།།

ལུས་ཀྱི་ས་གཞིའི་གངས་ཁྲོད་དུ།།

འཁྱག་སྣང་ཤར་ཤུར་བསླེབས་ནས་བྱུང་།།

ལྔ་རིག་ཆུ་གཏེར་མཚོ་རྫིངས་སུ།།

གཡུ་བྱུར་མུ་ཏིག་ཚོམས་བཀོད་ཀྱང་།།

ནོམ་དུ་ལེན་པའི་བསོད་ནམས་སྲང་།།

ཕྲ་རབ་གཅིག་གིས་ཚད་ལས་དབེན།།

སྒྱུ་འཕྲུལ་སྟོང་ཉིད་རྩེད་དགའི་གླུ།།

ཏམ་བུའི་རྒྱུད་ལས་འཁྲོལ་ནའང་།།

བདེན་ཞེན་བདག་འཛིན་ངར་མའི་ལྕེ།།

གདེངས་ཀ་ཆེན་པོའི་དུག་ལས་རྩུབ།།

ས་འཛིན་རྩེ་མོས་འདེགས་དཀའ་བའི།།

གཞུང་ལུགས་ཐང་མལ་བརྡལ་བྱས་ཀྱང་།།

ཕྲ་ཞིབ་གཅོད་པའི་ཤང་ལང་སོའི།།

ལན་མེད་གཞོམ་བྲལ་རྣོ་དབལ་ལ།།

དགའ་སྐྱེད་སྣང་བའི་འོད་དཀར་ཕྲ།།

དེ་ལྟར་དགྱེས་སྐོང་སྟོབས་ཞན་བས།།

དུས་སྙིགས་ལྔ་པའི་གྲོང་མཐའ་པའི།།

ཡིད་ཤེས་འདྲེན་པའི་དཔལ་གྱུར་པ།།

སྒྲིབ་བྲལ་གཤིས་ཀྱི་དྭངས་མ་སྟོན།།

རྒྱན་ལ་ཕུལ་བྱུང་མངོན་ཐོག་ཅིང་།།

དུས་གསུམ་ཚིག་གི་དོ་ཤལ་གྱི།།

མཎྜལ་སྤུངས་པའི་སྐྱེད་ཚལ་དུ།།

བློ་བཟང་ངག་གཏེར་གངས་ཅན་མ།།

ཐལ་སྒྲུབ་རིག་པའི་མདུང་ཆེན་གྱིས།།

དུས་རྨོངས་སྲོག་དབུགས་གསོལ་བྱས་ཤིང་།།

ཆེ་ལ་ཆེ་བའི་ངར་བསྒྲགས་པས།།

སྙིང་གི་ཤེ་མུན་གསལ་བར་བྱས།།

མགྲིན་པ་ལོངས་སྤྱོད་འཁོར་ལོ་ལས།།

ཞི་བསིལ་སྙོམ་པའི་ཏིང་འཛིན་སྒྲ།།

རྐང་འདབ་སིལ་སྒྲ་འཁྲོལ་དང་འགྲོགས།།

ཐོས་འཛིན་བུ་གའི་བཅུད་དུ་ངོམས།།

ཤར་ནས་ནུབ་ཏུ་བསྐྱོད་པ་ཡི།།

རྒྱུ་སྐར་བྱེ་བས་བཏེགས་པའི་ཁྲིར།།

ཟླ་བའི་རྣ་གོར་ལྡེམ་པ་ཡིས།།

རིག་བྱེད་གཏམ་གྱི་མཚོ་མོ་རུ།།

བློ་གཏེར་དབང་པོའི་ལྡིང་ཁང་གི།

དབྱངས་ཅན་པད་དཀར་ལྷ་ཡི་ཏོག།

སྲིད་འདིའི་སྙན་པར་སྨྲ་བའི་སྡེའི།།

ཐོར་ཅོག་དགོས་འདོད་ནོར་བུའི་ཟླ།།

དཔྱད་གསུམ་ལུང་རིགས་སོ་མའི་མདངས།།

གངས་ཀྱི་སྟོད་ནས་འཚེར་བ་ཡིས།།

བཤད་བསྒྲུབ་བསྟན་པའི་འཁོར་ལོ་ཡི།།

གྲགས་པའི་མཚན་མ་རིས་སུ་གསལ།།

ཡིད་འགྱུའི་འཆར་སྒོ་སྣ་ཚོགས་ཀྱིས།།

སྒྱུ་འཕྲུལ་ལྷ་མོར་གཟེངས་ཕུལ་བས།།

རྒྱ་ཆེན་ལྷ་ཡི་རྫིང་རིང་གི།

མཐོང་སྒོ་དབྱེ་བའི་འཕྲིན་ལས་སྐྱོང་།།

ལས་ཀྱི་ལྕུག་མ་འདར་བྱེད་པའི།།

དུས་ཀྱི་མཐའ་མའི་འཆི་བའི་རླུང་།།

གང་བྱུང་མེད་པར་ལྡང་རྒྱུ་ན།།

ཡིད་དགའ་འཛིན་པའི་ཆོས་སྦྱིན་སྩོལ།།

དེ་ལྟའི་ངག་གཞུའི་མདའ་མོ་རྩེ།།

མཐེབ་མོའི་སྒྲོག་ལས་ཤོར་བ་འདི།།

ངག་རིག་འཇོ་བའི་ཤག་ཆུང་ནས།།

ངམ་གོམས་རོལ་མིང་ཅན་གྱིས་བསྟར།།

           


  • ལེ་ཚན་སྔོན་མ།:ཟླ་གཡང་ལ་བྲིས་པའི་སྙིང་གཏམ།
  • ལེ་ཚན་རྗེས་མ།:ཁ་བ་དང་ངའི་སེམས་པ།