ཡིད་འོང་ལྷ་མཚོ།

ཧྲང་སྲང་སྨྱུག        2020-04-24

གང་ཚེ་འོད་ཀྱི་དཀར་ཆ་རྫོགས་ཚེ་ཀུ་མུད་ཚལ་ནི་རབ་དགའ་ཞིང་། །

མི་ཀུན་མིག་གི་ནུས་པ་ཉམས་ཤིང་ཚ་བའི་རེག་བྱ་དེ་ཡང་བཤུས། །

དེ་བཞིན་མཚོ་བྱུང་ལྷ་མོ་ཁྱེད་ཀྱང་བདག་གི་འཚོ་བར་ཕྱོགས་པའི་ཚེ། །

ཡིད་ནི་སིམ་པས་རབ་ཏུ་བཀང་བའི་བདེ་བ་དེ་ནི་ཨེ་མ་མཚར། །

བཞིན་རས་ཟླ་བའི་རྗེས་སུ་འགྲོ་ཞིང་ཨུཏྤལ་མིག་ཅན་བཞིན་བཟང་མ།།

ཐག་གུ་མིན་ཡང་ཟུར་མིག་ལྕགས་ཀྱུས་འདོད་སྲེད་སྐྱེས་བུའི་ཡིད་ལ་བཏགས། །

དེ་བཞིན་ཡིད་འོང་ལྷ་མོ་ཁྱེད་ཀྱང་བདག་གི་ཡིད་མཚོར་བཏགས་ཟིན་པས།།

ཟོལ་མེད་བརྩེ་བའི་ཨ་ལོང་གནང་ནས་བདག་དང་འགྲོགས་དང་ཡིད་འོང་ཀྱེ། །

འཛུམ་པའི་ཞལ་གྱི་གཞན་ཡིད་འཕྲོག་ན་དྲང་མོའི་ཚིག་གི་ལྟ་ངེས་ཅི། །

རང་བཞིན་མཛེས་པའི་བྱད་བཞིན་ཡོད་ན་དཀར་དམར་རྫས་དག་ཅི་ནས་བྱུག །

ཁྱད་ཆོས་དེ་ཡི་ཁྱད་གཞིར་འོས་པའི་རབ་མཛེས་ཆུ་ལྷའི་བུ་མོ་ཁྱེད། །

བདག་ཡིད་འབྱོ་བའི་དགའ་མ་ཡིན་ན་གཞན་དག་རྣམས་ནི་སྨྲ་ཅི་འཚལ། །

སྨྱོ་བྱེད་ཆང་གིས་སྤྲོ་བ་སྐྱེད་པས་བུ་མོའི་རང་བཞིན་མངོན་གསལ་ཡང་། །

འདམ་སྐྱེས་འདམ་དྲིས་མ་འགོ་བཞིན་དུ་ཁྱེད་ཀྱི་རྣམ་རྟོག་ཟོལ་མེད་པ། །

ཕྱི་རོལ་དངོས་ཀྱི་གཞོམ་པར་མི་ནུས་ལུས་མེད་བསྔགས་པ་ཐོབ་པ་ནི། །

བདག་གཞན་ཡིད་འཕྲོག་རྒྱུ་རུ་ཟད་དོ་སྐེད་མེད་སེམས་ཀྱི་ལྷ་མོ་ཀྱེ། །

ཁྱོད་ཞལ་མཛེས་པའི་ཟུར་མིག་འཕྲོ་ཞིང་སྨིན་མ་བུང་བ་བཞིན་འགུལ་བ།།

པད་ནང་བུང་བ་འཁོར་བར་འཁྲུལ་བ་བདག་གི་ནོངས་པ་ཁོ་ན་ལས། །

ཁྱེད་ཀྱི་མི་སྡུག་མཚན་གཞིར་མི་འོས་གཞན་བློ་འཕྲོ་བའི་ཡོན་ཏན་ཡིན། །

དེ་དྲན་བདག་ནི་ཁྱེད་ཉིད་གཞན་གྱིས་དབྲོག་པར་ཡོང་བའི་སྡུག་གིས་མྱོས། །

སེམས་པ་གཞན་གྱི་རྗེས་སུ་འཛིན་ན་འཛིན་སྟངས་འདི་ལྟར་ལོས་ཡིན་ཏེ། །

པད་མ་ཉི་མ་མར་དུངས་བའི་རྗེས་འགྲོ་ཆུ་དང་ཉ་མོའི་བློ་སེམས་བཞིན།།

བདག་ཉིད་བརྩེ་བའི་སྐུད་པ་འདི་ཡང་ཀུ་མུད་ཟླ་བ་བཞིན་འདོད་པས། །

རིངས་ནས་བརྩེ་བའི་སེམས་ཀྱི་ལྷ་མོས་བདག་ལ་བརྩེ་བའི་སྐུད་སྣེ་སྩོལ།།

  • ལེ་ཚན་སྔོན་མ།:རླབས་ཆེན་གྱི་མེས་རྒྱལ།
  • ལེ་ཚན་རྗེས་མ།:དཔྱིད་ཀྱི་དཔལ་ཡོན།