ཡིད་གཞུང་མེ་ཏོག

གཡེར་མོ།        2020-04-10

གདོང་ལ་སད་ཀྱིས་བཅོམ་པའི་མེ་ཏོག་བཞད་ཡོང་།།

མིག་ལ་ལན་བུ་བརླན་པའི་སྟར་ཁ་འགྲིག་ཡོང།།

སེམས་པ་ལྕཊ་སྦུག་བཞིན་དུ་འཁྱག་པ་བཏང་ཡོང་།།

ཡར་ཁོག་མཚན་གཞུང་བཞིན་དུ་མག་མོག་གྱུར་ཡོང་།།

རྟ་ཕོའི་རྨིག་རྗེས་དེ་ཡང་རྡུལ་གྱིས་གོང་ཡོང་།།

འཁོར་བའི་ཞེན་ཆཊ་ནང་གི་ཀོ་གྲུ་བཏང་ཡོང་།།

མུན་པ་འཐིབ་པའི་ཟླ་བ་མཁའ་ནས་ཤར་ཡོང་།།

ཤིན་ཏུ་མཛེས་པའི་ཁྱེད་རང་ཡང་ཡང་དྲན་ཡོང་།།

རིམ་ཁ་དྲོན་མོའི་ནང་ནས་ཆུ་འཁྱག་བྱོ་ཡོང་།།

ཅིས་ཀྱང་ཁྱེད་རང་ཆས་པའི་སྲང་ལམ་དྲན་ཡོང་།།

ཚེ་སྲོག་རྒྱུན་ཐག་དཀྲོལ་བའི་དབྱངས་མཁན་སྐྱོ་ཡོང་།།

དབྱངས་ཀྱི་ནད་པ་བཞིན་དུ་སྐྱོ་ཉམས་དོད་ཡོང་།།


བྲང་གཞུང་བུམ་དཀར་ནང་གི་མེ་ཏོག་བཞད་ཡོང་།

འོད་ཟེར་མོག་པོ་ཁྱེད་ཀྱི་སྔས་མགོར་ཕོག་ཡོང་།

ཁྱེད་རང་སེམས་ན་ཉར་བའི་སྙིང་ཆུང་སྒུལ་ཡོང་།

ལས་ཀྱི་ས་བོན་བཏབ་པའི་བག་ཆཊ་བསྔོག་ཡོང་།།

ཁྱེད་ཀྱི་ཕྱོཊ་སུ་འཕུར་བའི་གཤོག་པ་ཐོགས་ཡོང་།།

ཁ་བའི་མེ་ཏོག་ནང་བཞིན་འཕྲིན་པ་བསྐུར་ཡོང་།།

སེམས་སུ་ཡི་གར་བཞད་པའི་སྙིང་ཆུང་བསྒུལ་ཡོང་།

བདག་གི་ཡིད་གཞུང་མེ་ཏོག་ཞེ་ལ་ལྷུང་ཡོང་།།

                     


  • ལེ་ཚན་སྔོན་མ།:ཞེ་འདང་ཨ་ལོང་དགུ་སྐོར།
  • ལེ་ཚན་རྗེས་མ།:རྨ་ཆུ། ས་སྒང་འཕྲེད་ཀྱིས་གཤག་པའི་གཡུ་འབྲུག