དཔྱིད་ཀྱི་ཁ་བ།

སྐལ་བཟང་ནོར་བུ།        2020-04-03

གྲང་འཁྱག་གི་དགུན་ཟླ་རིང་མོ་ཕར་ལ་བསྐྱལ་དུས།

རེ་སྨོན་ཀློང་གི་ཁ་བའི་འདབ་མ་རེ་རེ།

དལ་བ་དལ་བུར་ཁུ་སིམ་མེར་ས་གཞིར་སིམ་དུས།

ས་གཞི་འདིའི་ནག་ནོག་གི་དྲི་མ་ཡོད་ཚད་ཁད་

ཀྱིས་བཀྲུས་སོང་།

ཐལ་མདོག་གི་འཇིག་རྟེན་འདི་གློ་རྡེག་ཏུ།

སྣུམ་ཤིག་གེར་དང་ལྗང་ནེམ་མེར་གྱུར་སོང་བས།

ཁ་བའི་འདབ་མ་རེ་རེ་ཡང་།

དཔྱིད་དཔལ་གྱི་ལང་ཚོ་དང་བླ་སྲོག་ཡིན་པ་འདྲ།

བར་སྣང་ལས་ལྷུང་པའི་ཁ་བའི་འདབ་མ་རེ་རེ།

འཇམ་ཅག་གེར་སྨྲ་བ་ཅི་ཡང་མེད་པར།

བདག་སེམས་སུ་སིམ་དུས། 

ཉི་འོད་དང་ཆུ་མིག་གི་ལང་ཚོ།

སེམས་ཀྱི་སྤང་གཞུང་དུ་བཞད་པར་གཞི་ནས་ཚོར་བྱུང་།

དཔྱིད་ཀྱི་ཁ་བ། ནད་ཡམས་འཇོམས་པའི་གྲུ་ཆར།

དཔྱིད་ཀྱི་ཁ་བ། གནད་འཚེ་འགོག་པའི་རལ་གྲི།

ཁ་བའི་འདབ་མ་རེ་རེ། རང་བྱུང་གི་འཚོ་བཅུད་ཡིན།

ཁ་བའི་འདབ་མ་རེ་རེ། ཚེ་སྲོག་གི་དྭངས་མ་ཡིན།

ཁ་བའི་འདབ་མ་རེ་རེ། སྣོད་བཅུད་ཀྱི་སྙིང་བོ་ཡིན།

དཔྱིད་ཀྱི་ཁ་བ་ལགས།

ཁྱེད་ནི་ངའི་འཇིག་རྟེན་གྱི་བཀྲ་ཤིས་པའི་རྟེན་འབྲེལ།

གང་ཞིག་གི་སྔོན་འགྲོ་དང་དབུ་ཁྱུད་དེ་ཡིན་ནམ།

  • ལེ་ཚན་སྔོན་མ།:སྙན་ངག་ལྷ་མོ།
  • ལེ་ཚན་རྗེས་མ།:བསྙེན་པ།