ཟམ་ཚའི་ཀླུ་འབུམ་ཚེ་རིང་། 2020-04-01
འཛམ་གླིང་ཤར་ཕྱོགས་ཡུལ་གྲུར་གནས་པའི་བཙན་པོའི་སྐུ་ཕྲེང་རིམ་བྱོན་ལས།།
སཱ་ལའི་སྨན་ལྗོངས་སྤྱི་བོར་བཀུར་བའི་སྲོང་བཙན་ཐུགས་དགོངས་ཟབ་མོའི་འོག།
ངལ་བར་མ་འཛེམ་ཐོན་མིས་རྒྱ་གར་མཁས་པའི་ཞལ་ལ་རབ་གཏུགས་ནས།།
བོད་ཡུལ་མུན་པའི་གླིང་ལ་འོད་སྣང་དབྱངས་གསལ་སོ་བཞིའི་འཕྲིན་ལས་སྤེལ།།
བོད་ཡུལ་མཚན་མོའི་མགོན་པོ་ལྟ་བའི་ཐོན་མའི་མཁྱེན་དཔྱོད་ཡངས་པོ་ལས།།
བོད་ཀྱི་སྐད་དང་ཡི་གེའི་ཉི་ཟླ་འཛམ་གླིང་ཡང་རྩེའི་ཏོག་ཏུ་བསྒྲེངས།།
མཐའ་འཁོབ་ཡུལ་གྲུའི་རྨོངས་པ་སེལ་ཞིང་རེ་བའི་ཆར་པ་དགུང་ནས་ཕབ།།
ས་ཡི་བཀོད་པ་གནོད་ཀྱི་བཅུད་བཟང་བོད་ཀྱི་ཡུལ་མཆོག་ཀུན་ལ་གྲགས།།
རི་ཆུ་ནགས་གསུམ་གདོད་ནས་གྲུབ་ཅིང་མཁའ་དབུགས་དྭངས་མོའི་བུ་རམ་མངར།།
མརྒད་ཁུ་བས་བྱུགས་འདྲའི་མཐའ་ཡས་རྩྭ་ཐང་ནམ་མཁའི་མཐོང་ལ་འགྲན།།
རྟ་ནོར་ལུག་གསུམ་སྐར་ཚོགས་བཞིན་དུ་ལོངས་སྤྱོད་ཛམ་ལྷའི་མཛོད་དང་མཉམ།།
མདོ་དབུས་མཐོ་སྒང་ཐུ་བྷོ་བོད་ཀྱི་ཕ་གཞིས་དྲོན་མོ་ཨེ་མ་རྨད།།
ལྗོན་བཟང་ཙན་དན་ཤུག་པའི་དྲི་བསུང་མངར་མོ་དྲི་འཛིན་ཡུལ་ལ་ཁྱབ།།
འདབ་ཆགས་གཅན་གཟན་རི་དྭགས་རྣམས་ནི་བག་ཡངས་སྟངས་སྟབས་གར་ལ་རྩེན།།
ལས་འབྲས་ཟབ་མོའི་རྒྱུ་འབྲས་བརྩི་བའི་གདོང་དམར་བོད་ཀྱི་ཕ་གཞིས་འདི།།
ཡར་ཀླུང་གཙང་པོའི་རྒྱུན་ལ་འགྲོགས་ནས་བྱམས་ལྡན་བོད་མིའི་ཁྱད་གཤིས་བསྐྱངས།།
ཐོན་མའི་གསུང་གི་རྒྱ་མཚོ་ཀླུ་དབང་འཁོར་གྱི་མཛོད་དང་མཉམ་པ་དག།
འུ་དུམ་བཙན་པོོའི་དབང་གི་འཁོར་ལོས་ཆོས་སྲིད་ཉི་ཟླ་རེ་ཞིག་བསྣུབས།།
ཆོས་ལྡན་བོད་ཀྱི་མི་རིགས་བཟང་བོའི་ལས་དབང་འདི་ལ་ཆག་གྲུམ་ཤོར།།
ལ་རྒྱའི་སྙིང་སྟོབས་ལྡན་པའི་སྐྱེས་ཆེན་ས་སྐྱ་གོང་མས་མུ་ཁྲི་བསྐྱངས།།
བརྩོན་པའི་ཆུ་རྒྱུན་རྒྱ་མཚོར་འདྲེས་པའི་སྔོན་བྱུང་བོད་མིའི་ལོ་པཎ་གྱིས།།
བཅུ་ཕྲག་རིག་པའི་བང་མཛོད་ཆེན་མོ་མདོ་སྔགས་ཆོས་ཀྱི་བསྟན་པ་སྤེལ།།
ཆོས་གཞུང་ཟབ་མོའི་དགོངས་པ་ཉིད་ནི་རྟ་བདུན་དབང་བོའི་འོད་དང་མཚུངས།།
བྷོ་ཊའི་ལྗོངས་ཀྱི་ཆོས་སྲིད་མཛད་པ་འཛམ་གླིང་ཧྲིལ་པོའི་ཁྱོན་ན་ལྡིར།།
རྩོམ་གསར། 10