རེ་ལྟོས།

སྟག་རིག་འབྲུག་ཐར།        2020-03-31

སོ་ནམ་པ་ཚོའི་མིག་ཀོང་ན།

རྨོན་ཞིང་གྲུ་བཞི་ནི་སྐྱིད་སྡུག་གི་རི་མོ་འབྲི་ས་ཡིན།

བྲིས་ལེགས་པའི་རི་མོ་ཞིག་འཁྱོངས་རྒྱུའང་

མདོར་དེད་ན།

གནམ་རྒན་མ་ཞེས་པའི་སྔོ་ཡུག་ཡུག་གི་

སྟོང་དབྱིངས་ལ་རེ་རྒྱུ་དེའོ།།

དཔྱིད་འདེབས་མཇུག་རྫོགས་པ་ནས་བཟུང་།

གསེར་གྱི་རྣང་ཞིང་དུ་འཇོར་དང་ལྕགས་

ཁེམ་གྲངས་མང་འཕྱར་ཡང་།

དྲོད་འཇམ་གྱི་ཉི་འོད་ཁོ་ནས་མི་ཆོག་པར།

རློན་ཤིག་ཤིག་གི་ཆར་བ་ཞིག

ཀླུས་དངོས་གྲུབ་གནང་ཚེ།

ད་གཟོད།  སེམས་ཀྱི་སོན་འབྲུར་སྟོབས་

ཤུགས་རྒྱས་སྲིད་ལ།

རེ་བའི་མྱུ་གུར་ལང་ཚོ་སྨིན་སྲིད།


ཆར་ཆུའི་སྲད་བུའི་རྒྱུན་ཐག་རེ་རེ་ནི།

མི་ཡུལ་ལ་ཕུལ་བའི་ཆེས་དྭངས་གཙང་གི་

ལྷད་མེད་པའི་ལྷ་རྫས་ཡུག་རེ་ཡིན་ཞིང་།

ཤག་ཤག་འབབ་པའི་ཆར་ཟིམ་གྱི་སྒྲ་ཡང་།

ཡུལ་མི་ཚོར་བཏང་བའི་ཆེས་སྙན་འཇེབས་

ཀྱི་གླུ་སྐད་ཡིན།

སོ་ནམ་པའི་བདེ་སྡུག་ཀྱང་མདོར་དེད་ན།

ཆར་ཆུའི་ནེམ་ཤ་དང་ཉི་མའི་དྲོད་ཁོལ་ལ་

འཁྲིལ་ཡོད་པས།

སྟོན་མཇུག་གི་ལོ་འབྲས་ནི་ཡུལ་མི་ཚོའི་ཡོད་

ཚད་ཡིན་ཞིང་། སོ་ནམ་པའི་རེ་འདུན་ཡང་

ལོ་ལེགས་ཀྱི་འབྲས་བུར་དམིགས་ཡོད།

རྔུལ་ཆུས་ཟ་འགྲམ་བརླན་པ་ཡང་།

དོན་ངོ་མར་ལོ་ཏོག་བརླན་གྱིས་བཏུམས་ནས།

སྨིན་ལེགས་པའི་འབྲས་བུ་ཞིག་འཛུམ་གྱིས་

དགོད་པ་དེའོ།།

རྐང་གཉིས་བང་གིས་འདུར་བ་ཡང་།

དོན་ངོ་མར་གཡུར་ཟའི་འབྲུ་རྡོག་དག

སྤྲོ་བས་འགྲིལ་ནས་ཡིད་ཀྱི་མཛོད་དུ་འབབ་པ་དེའོ།།


རེ་སྨོན་མཐའ་དག་རྨོན་ཞིང་ལ་བསྟིམས་པའི་

ཡུལ་མི་ཚོ་མཐོང་དུས།

ང་ཡང་སྒམ་དཀྱེལ་ཆེན་པོས་ཞིང་ཆུང་གྲུ་

བཞིའི་རྣམ་ཤེས་ལ་སྤྲུལ་ནས།

མངོན་ཆོག་ཆོག་གི་ལོ་འབྲས་ཤིག

དགོད་འཛུམ་དང་བརྩེ་བའི་ཀློང་ནས་

ཡུན་གྱིས་བཞད་འདོད་དོ།།

   

  • ལེ་ཚན་སྔོན་མ།:དཔྱིད་འགོའི་དྲན་པ།
  • ལེ་ཚན་རྗེས་མ།:ལས་དབང་གིས་འཐག་པའི་བར་ཐག