རྟའུ་དང་འབྲེལ་བའི་སྙིང་གཏམ།

འཇམ་དཔལ་ནོར་བུ།        2020-03-18

སྙིང་དབུས་མི་ཕྱེད་དད་པའི་གུར་ཁང་ན།།

ཐུགས་རྗེ་བརྩེ་བའི་གཟི་མདངས་ཕྱོགས་མེད་འཕྲོ།།

གང་མཚན་དྲན་པས་གཏི་མུག་མུན་པའི་སྤྲིན།།

ཡོངས་བྲལ་ཀུན་མཁྱེན་བླ་མར་གུས་པས་འདུད།།

སྲིད་པ་ཨ་ལོང་འདྲ་བའི་འཇིག་རྟེན་འདིར།།

ཡོད་ཚད་རྒྱུ་འབྲས་གཉིས་ལས་འདའ་བ་མེད།།

དེའི་ཕྱིར་འཕགས་པ་རྒྱུ་ལ་འཇིགས་ཤིང་།།

སོ་སྐྱེ་ཐ་ཤལ་བ་དེ་འབྲས་བུ་ལ་སྐྲག།

གནའ་ནས་ད་བར་གཅིག་ནས་གཅིག་མཐུད་དེ།།

དགའ་སྐྱོ་སྤེལ་མའི་བྱ་བ་མང་དུ་ཐོན།།

ཐམས་ཅད་སྔོན་ལས་ཡིན་ཞེས་སྨྲ་དཀའ་མོད།།

རྒྱུ་མེད་འབྲས་བུ་སྣུམ་པོ་གང་ནས་ཡོང་།།

དེས་ན་རང་ཅག་ཐུགས་རྗེ་བདག་ཉིད་ཅན།།

སྤྱན་རས་གཟིགས་མགོན་གང་གི་གདུལ་ཞིང་སྐྱེས།།

ཡོད་ཚད་གཞན་ལ་ལེ་བདའ་མ་ཡིན་པར།།

བསླུ་མེད་རྒྱུ་འབྲས་ཆོས་ལ་བསམ་མནོ་ཐོངས།།

གློ་ཚད་འཇའ་ཡལ་ཉིན་རེར་ཇེ་མཆེད་རེད།།

རྒྱ་ནག་ས་ནས་མེ་སྟག་ལྟར་འཕྲོས་པས།།

རིགས་རུས་གཅིག་པ་རྟའུའི་རུམ་དུ་ལྷུང་།།

ཁྱིམ་ཚང་གཅིག་གི་བདེ་སྐྱིད་གཏོར་བཞག་ཐལ།།

ད་ནི་ཚན་རིག་དང་མཐུན་འཕྲོད་བསྟེན་བྱོས།།

གཉིས་ནས་བླ་མ་དཀོན་མཆོག་སྙིང་གིས་གསོལ།།

གསུམ་ནས་འབྲེལ་འདྲིས་མ་མང་གཅིག་པུ་སྡོད། །

རང་དཔེ་གཞན་ལ་ལོངས་ནས་ལྷོད་མོར་གྱིས།།

སོ་སྐྱེའི་རྣམ་རྟོག་ཟད་མཐའ་མི་མངའ་བས།།

བཤད་ན་མང་དུ་འདུག་ཀྱང་དེས་འཚེངས་ཀི།

མདོར་ན་དོན་ཚན་གསུམ་པོ་སེམས་ལ་ཟུངས།།

རྒྱུ་འབྲས་བསླུ་མེད་གནས་ལ་འདང་ཞིག་རྒྱོབས།།

སྐྱབས་ཀྱི་མཐར་ཐུག་རང་ཉིད་རང་གི་མགོན།།

གོའུ་ཏ་མའི་ཞལ་གསུང་བདུད་བརྩིའི་རྒྱུན།།

མ་དོར་ཐུགས་ཀྱི་བཅུད་དུ་འཁྱིལ་ཡོད་ན།།

ཆོས་དང་སྲིད་ཀྱི་ཕུན་ཚོགས་དེ་ལས་འབྱུང་།།

  • ལེ་ཚན་སྔོན་མ།:རྟའུ་པ། འཇའ་ཤར་ཤུལ་གྱི་མཚེར་ས།
  • ལེ་ཚན་རྗེས་མ།:ན་ཆུང་སློབ་མ་ཚོར་ཕུལ་བའི་ནད་ཡམས་སྔོན་འགོག་གི་ཀ་རྩོམ།