མ་ཡུམ་རྟའུ་ལགས། ཁྱེད་རང་བློ་ཕམ་མི་དགོས།

རྟའུ་ཀུན་བཟང་གཞན་ཕན།        2020-03-11

ངའི་ནང་སེམས་ཀྱི་དྲན་སྣང་ཁྲོད་བརྗེད་ལྷག་དཀའ་བའི་མ་ཡུམ་རྟའུ་ལགས།

ཁྱེད་ནི་ངའི་བརྩེ་བའི་ཆགས་སྡང་ལས་བསུབ་ཐབས་མེད་པའི་རི་མོ་དེ་ཡིན་ལ།

ཁྱེད་ནི་ངའི་མངར་འཇམ་གྱི་སྙིང་ཁུངས་ན་ནམ་ཡང་ཁོལ་བཞིན་ཡོད་པའི་སྐྱིད་དེ་ཡིན།


མ་གཞིར།

ངའི་དུང་སེམས་ཀྱི་ཡིད་ངོ་ལ་བཤམས་ཡོད་པའི་ཁྱེད་ནི།

བཙན་པོའི་ས་མཚམས་སྲུང་པའི་གདོང་ལེན་དམག་དཔུང་དེ་ཡིན་ལ། ཁམས་པའི་ཕོ་རྒོད་བྱུང་སའི་གནས་མཆོག་དེ་ཡང་ཁྱེད་ཡིན་འདུག

ཉེར་དུས་ཁྱེད་ལ་སྡུག་བསྔལ་གྱི་འཁོར་ལོ་བསྐོར་བའི་གདོན་འདྲེ་ལྟ་བུའི་ནད་དུག་ཅིག་ཕོག་འདུག

གདོན་འདྲེ་དེའི་མིང་ལ་ཏོག་དབྱིབས་གློ་ཚད་གསར་བའི་ནད་དུག་ལབ།


གང་ལྟར། ཕ་ཡུལ་ལགས།

ངའི་ཡ་ཆུང་སེམས་ལ་དང་པོ་འཁོར་བ་དེ་ནད་དུག་འདི་ལ་རྒྱུ་འབྲས་མེད་ཀིན་འདོད་ཡོད།

བར་ནས།

ངའི་རུས་ཞེན་ལ་ལངས་བ་དེ་ནད་དུག་འདི་ལ་སྙིང་རྗེ་མེད་ཀིན་སྙམ་ཡོད།

འཇུག་ནས།

ངའི་སྐྱོ་སེམས་ཡིད་ལ་ནད་དུག་འདི་ལ་བྱམས་སེམས་མེད་པར་བསྒོམས་ཡོད།


ཕ་ཡུལ་ལགས། ང་ཡི་མ་ཡུམ།

ཁྱེད་ལ་ཅིའི་ཕྱིར་འདི་འདྲིའི་ནད་དུག་ཅིག་ཕོག་པ་ཡིན་ནམ།

ངའི་དྲན་ཚོད་ལ་ཁྱེད་རང་ནི་ཚེས་འདི་ཕྱི་དང་ལས་རྒྱུ་འབྲས་ཡོད་པའི་ཡུལ་མཆོག་ཅིག་ཡིན།

རྒྱུ་མཚན་ནི་ཁྱེད་རང་ལ་དགེ་སྡིག་གི་འདུ་ཤེས་ཟབ་ལ།

འདི་ཕྱིའི་ལྟ་བའང་རུས་ལ་ཟུགས་ཡོད་ཅིང་རྒྱུ་འབྲས་ཀྱི་ཁྲག་རྒྱུན་ཡང་རྩའི་གསང་འཐིམས་ཡོད།

དེའི་ཕྱིར་ཁྱེད་ལ་ནད་དུག་འདི་འདྲ་ཞིག་ཕོག་དོན་མེད།


ཡིན་ནའང་ཕ་ཡུལ་ལགས། ཁྱེད་རང་ཡིད་སེམས་སྐྱོ་མི་དགོས།

གླིང་སྒྲུང་ལས་རྟའུ་མེ་མཚོ་དམར་པོ་ཡར་འཕྱུར་ལ།

འདུན་གྲོས་དཔོན་ཆེན་རྟའུས་བྱས་ཟེར་བ་ལྟར།

ཁྱེད་རང་བློ་སེམས་ཕམ་དོན་མེད།


ཕ་ཡུལ་ལགས།

ཁྱེད་སྡུག་ནའང་ང་ཚོའི་ཕ་ཡུལ་ཡིན་ལ་ཁྱེད་སྐྱིད་ནའང་ང་ཚོའི་ཕ་ཡུལ་ཡིན།

སྔོན་སོང་ཁྱེད་ཀྱི་སྐྱིད་སྡུག་གང་མྱོང་ཡང་།ངའི་མེས་པོ་དག་ཁྱེད་རང་དང་མཉམ་དུ་ཡོད་མྱོང་ལ།

ད་ལྟ་ཁྱེད་ཀྱི་སྐྱིད་སྡུག་གང་ཡིན་ཡང་ང་ཚོ་ཁྱེད་དང་མཉམ་དུ་ཡོད།

མ་ཚད་མ་འོང་པར་ཁྱེད་ལ་སྐྱིད་སྡུག་གང་བྱུང་ཡང་ངའི་བུ་ཚ་ཚང་མ་ཁྱེད་དང་མཉམ་སྡོད་ཡིན།

ཕ་ཡུལ་ལགས་རྟའུ། ཁྱེད་རང་བློ་ཕམ་མི་དགོས།

ང་ཚོ་ནམ་ཡང་ཁྱེད་རང་དང་མཉམ་སྡོད་ཡིན།

ཁྱེད་རང་མྱུར་ཏུ་ནད་ཡམས་ལས་དྲག་ཤོག་དང་།


ཕ་ཡུལ་ལགས།

ངའི་དྭངས་གཙང་གི་དྲན་པའི་ཉིང་ཁུ་དག་མ་དེ་བདག་པོར་བྱེད་པའི་ཕ་ཡུལ་ལགས།

ངས་ཉིན་རེ་བཞིན་ཁྱེད་ཀྱི་ནད་མི་གྲངས་ཀ་ཡར་རེ་འཕར་བ་མཐོང་དུས།

ངའི་ཡིད་སེམས་ནི་མེ་ཡིས་བསྲེགས་པ་བཞིན་ཚ་ལ།

ངས་ཉིན་རེ་བཞིན་ཁྱེད་ཀྱི་ནད་མི་གྲངས་ཀ་མར་རེ་ལྷུང་བ་མཐོང་དུས།

ངའི་སྙིང་རྡོ་མགྲིན་ཁ་ནས་ཁོག་ལ་བརྟན་གི


ཕ་ཡུལ་ལགས།

མདང་དགོང་།

ངས་ངེད་གཉིས་ཀྱི་རྟ་ཁ་རྩྭ་ཐང་ལ་མཉམ་བཤིབས་རྨིས།

ཁ་སང་།

ངས་ངེད་གཉིས་ཀྱིས་ཤག་སྒྲའི་འོ་མ་མཉམ་བཞོ་རྨིས།

དེ་རིང་།

ངས་ནས་དེའུ་ཕྱུག་མོའི་མགོ་ལ་རང་བྱུང་ལྷ་བསང་ལྷོག་པ་མཐོང་།

ཕ་ཡུལ་ལགས།

ངའི་དུང་སེམས་ཀྱི་གཏིང་ས་ནས་དྲོད་འཇམ་གང་ཡང་མ་ཤོར་བའི་ཕ་ཡུལ་ལགས།

དུས་རྒྱུན་ང་ནངས་སྔ་མོ་ཡར་ལངས་དུས་ཀྱི་དྲན་པ་དང་པོ་དེ་ཁྱེད་ཡིན་ལ།

ནུབ་དགོང་མོར་མར་ཉལ་དུས་ཀྱི་དྲན་པ་ཕྱི་མ་དེ་ཡང་ཁྱེད་ཡིན་འདུག

མ་ཡུམ་ལགས།

ཁྱེད་རང་མྱུར་ཏུ་ནད་ཡམས་ལས་ཐར་ཤོག་དང་།

ཁུ་བྱུག་ནགས་ལ་བབས་ཉིན་དང་། མེ་ཏོག་སྤང་ལ་བཞད་མོ་ཉིན།

ངེད་མ་བུ་བསྐྱར་འཛོམས་བྱེད་པའི་ཉིན་མོ་ཡིན།

དེའི་ཕྱིར་ངའི་བརྩེ་བའི་མ་ཡུམ་རྟའུ་ལགས།

ཁྱེད་རང་བློ་ཕམ་མི་དགོས།

  • ལེ་ཚན་སྔོན་མ།:རྟའུ། ང་ཚོ་མཉམ་དུ་ཡོད།
  • ལེ་ཚན་རྗེས་མ།:འགོག་རྒོལ་བྱོས།