རྟའུ་ལ་སྤྲིངས་པའི་སེམས་འཕྲིན།

བུ་ཚེ་རིང་རྒན་པ།        2020-03-10

2008ལོར། ཝུན་ཁྲོན་གྱིས་ངའི་སེམས་པ་མེ་ལ་བསྲེགས་

མྱོང་བ་བཞིན།

འདི་ལོར་ཝུའུ་ཧན་གྱིས་ངའི་སེམས་པ་མེ་ལ་བསྲེགས་སོང་།

ཤ་རུས་མེ་ལ་སྲེག་དུས་ཚ་ཟུག་ཆེ་ལ།

སེམས་པ་མེ་ལ་སྲེག་དུས་བཟོད་ཐབས་དེ་བས་མི་འདུག

2010ལོར། སྐྱེ་རྒུ་མདོས་ངའི་རྣམ་ཤེས་དམྱལ་བར་དྲངས་

མྱོང་བ་བཞིན།

འདི་ལོར། རྟའུ་ཡིས་ངའི་རྣམ་ཤེས་སླར་ཡང་དམྱལ་ཁམས་སུ་

དྲངས་སོང་།

བཟོད་པར་དཀའ་བ་ནི་རྣམ་ཤེས་ཀྱི་མནར་གཅོད་དེ།

ཤ་རུས་ཐལ་བར་གྱུར་ཀྱང་རྣམ་ཤེས་ལ་འཆི་བ་མི་འདུག


ཝུན་ཁྲོན་དང་ཝུའུ་ཧན་ལ་ངའི་སྤུན་ཟླ་ཡོད་པ་བཞིན།

སྐྱེ་རྒུ་མདོ་དང་རྟའུ་ལ་ངའི་རུས་དང་རྣམ་ཤེས་ཡོད།


ཆུ་རྒྱུན་བཞིན་རིང་བའི་མི་རིགས་འདི་ཡི་ལོ་རྒྱུས་ཐོག

དྲག་ཆར་དང་རླུང་འཚུབ་ལྟ་བུའི་བར་ཆད་ཀྱི་མདུན་དུ།

ང་ཚོའི་སྒལ་གཞུང་ལ་སེར་ཀ་ཤོར་མ་མྱོང་ལ།

ང་ཚོའི་རྣམ་ཤེས་ལ་གཞོམ་གཞིག་དེ་བས་ཡོད་མ་མྱོང་།


དེ་ནི།

དཀའ་སྡུག་གི་དུས་སུ་ང་ཚོར་དད་སེམས་ཡོད་ལ།

བར་ཆད་ཀྱི་མདུན་དུ་ང་ཚོའི་ཡིད་ཆེས་བོར་མ་མྱོང་།

དེ་ནི་ང་ཚོའི་རང་གཤིས་རེད་ལ།

དེ་ནི་ང་ཚོའི་འཚོ་ཐབས་ཀྱང་རེད།


སེམས་མ་སྐྱོ།

ཐག་རིང་ལ་བཞུགས་པའི་སྙིང་ཉེ་བའི་རྟའུ་ལགས།

ང་ཚོ་ཤ་རུས་གཅིག་ལས་གྲུབ་པའི་ཕུ་ནུ་མིང་སྲིང་རེད།

ང་ཚོ་རྣམ་ཤེས་གཅིག་གིས་གྲུབ་པའི་ཤ་རུས་ཀྱི་ཕུང་གཟུགས་རེད།

ཚེ་སྲོག་གིས་བསྲིངས་པའི་སྐྱ་ལམ་རིང་མོར།

བགེགས་བར་ཁ་ཆར་བཞིན་དུ་མང་ཡང་།

ང་ཚོས་མེས་པོའི་ཞལ་ཆེམས་གཏན་ནས་བརྗེད་མི་རུང་།


རླུང་ཚུབ་ལྟ་བུའི་བགེགས་བར་དང་།

གནམ་ལྕགས་ལྟ་བུའི་མནར་གཅོད་ཇི་ལྟར་རྒོད་ཀྱང་།

ང་ཚོ་སེམས་སྐྱོ་ཡང་མཆི་མ་ལྷུང་མ་མྱོང་ལ།

བློ་ཕམ་ཡང་སྒལ་ཚིགས་གུག་མ་མྱོང་།

འདི་ནི་མེས་པོས་བསྟན་པའི་འཚོ་ཐབས་རེད་ལ།

འདི་ནི་མེས་པོས་བཞག་པའི་ཞལ་ཆེམས་དྲོལ་མོ་རེད།


བློ་མ་ཕམ། སྙིང་ཉེ་བའི་རྟའུ་ལགས།

ལེ་དབར་སྟོང་གི་ལམ་ཐག་ཆོད་ཀྱང་།

ང་ཚོའི་སེམས་ལ་བར་ཐག་མི་འདུག

སྨག་རུམ་མུན་པ་ཇི་ལྟར་རྒོད་ཀྱང་།

ང་ཚོའི་ལག་གདང་དམ་དུ་འབྲེལ་ཡོད།


ཐག་རིང་གི་རྟའུ། སྙིང་ལ་ཉེ་བའི་རྟའུ།

ཤ་དང་རུས་པ་འབྲེལ་བའི་མི་རྣམས་ལ།

ངས་ལྷག་བསམ་གཙང་མས་སྨོན་ལམ་འདེབས་ཀྱིན་ཡོད།

གྲང་ངར་གྱི་དུས་འདིར། ང་རང་ཨ་མའི་པང་ཁ་དྲོན་མོ་

དེ་ཡིན་ན་བསམ།

གྲང་ངད་ཀྱིས་རྩད་པའི་སྙིང་ཉེ་བའི་མི་རྣམས་ལ།

ངས་རང་ལུས་ཀྱི་དྲོད་སྣང་ཕྲན་བུ་སྦྱིན་ན་སྙམ།

སྨག་རུམ་གྱི་དུས་སུ། ང་རང་བསེར་ཟེར་ལྟ་བུའི་འོད་སྣང་

དེ་ཡིན་ན་བསམ།

འཇིགས་སྐྲག་གིས་བར་དོར་གྱར་བའི་གཉེན་ཉེ་ཚོར།

ངས་མར་མེ་ལྟ་བུའི་འོད་སྣང་སྦྱིན་པར་འདོད།


སེམས་མ་སྐྱོ། བློ་མ་ཕམ།

ཐག་རིང་གི་རྟའུ། སྙིང་ལ་ཉེ་བའི་རྟའུ།

སེམས་ནང་དད་པ་འཁྱིལ་བའི་ཕུ་ནུ་མིང་སྲིང་ཚོ།

ནད་གདོན་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་བ་འཁྱིལ་

ནས་འདུག

གཉེན་ཉེ་ལགས།

སེམས་ཁོང་གི་མར་མེ་ལྟ་བུའི་བྱམས་དང་བརྩེ་བ་དོར་མི་རུང་།

རི་རྒྱལ་ལྷུན་པོ་འདྲ་བའི་སྒལ་ཚིགས་གུག་མི་རུང་།

གངས་དཀར་རི་བོ་འདྲ་བའི་ཡིད་ཆེས་དང་དད་སེམས་

བོར་མི་རུང་།

དལ་འབྱོར་མི་ལུས་ལ་བཅངས་པའི་བརྩེ་བ་ཤོར་མི་རུང་།

མེས་པོ་བཞིན་དུ་དབུ་འཕངས་མཁའ་ལྟར་མཐོ་ན།

ཚེ་སྲོག་གིས་བྲིས་པའི་གཏམ་རྒྱུད་ཀྱི་ཆུ་རྒྱུན་ཆད་མི་སྲིད།


ཐག་རིང་གི་རྟའུ། སྙིང་ལ་ཉེ་བའི་མི་རྣམས།

རིག་པ་འགྲིམས་ཤོག ཡིད་ཆེས་བརྟན་ཤོག

དགུན་ཟླ་ཡོལ་བའི་དཔྱིད་དུས་བུ་མོའི་པང་ཁར་སླེབས་དུས།

བརྩེ་སེམས་གཙང་མའི་བཀྲ་ཤིས་མཇལ་དར་ཁྱེད་ཕྱོགས་ལ་

ཕུལ་ལོ།

                   


  • ལེ་ཚན་སྔོན་མ།:དཔྱིད་དུས་ཀྱི་ལབ་རྡོལ།
  • ལེ་ཚན་རྗེས་མ།:རྟའུ། ང་ཚོ་མཉམ་དུ་ཡོད།