རྟའུ་རྫོང་གི་སྨན་པ་ལྷ་མོར་ཕུལ་བའི་འཕྲིན།

འཁོན་སྲས་རྣོ་ཟེར།        2020-03-03

ཀྱེ་མ་ཀྱེ་ཧུད་སྐྱབས་གཅིག་འགྲོ་བའི་མགོན།།

མགོན་པོ་སྤྱན་རས་གཟིགས་དང་ཨོ་རྒྱན་རྗེ།།

རྗེ་བཙུན་སྒྲོལ་མ་རྗེ་འབངས་ཉེར་ལྔ་ཡིས།།

སྙིགས་མའི་ཉམ་ཐག་འགྲོ་རྣམས་བརྩེ་བས་སྐྱོངས།།

རིང་ནས་ལོབས་ལ་རྒྱུན་པར་འབྲེལ་བ་ཡི།།

ལྷག་བསམ་གངས་ལ་འགྲན་པ་གང་གི་དྲུང་།།

མ་བཅོས་བརྩེ་བ་མཚོན་པའི་འཕྲིན་ཡིག་ཅིག།

དབྱངས་གསལ་སོ་བཞིའི་ང་རོར་འདི་ལྟར་འབྲི།།

རྒྱ་བོད་སྐད་རིགས་སྨྲ་ལ་དཔའ་རྒྱས་ཤིང་།།

གནའ་དེང་གསོ་རིག་ཕྱོགས་ལ་ལག་ལེན་ཅན།།

འཚོ་བྱེད་རྒྱལ་བོའི་དགོངས་ཀྱི་གཏེར་ལེན་པ།།

གོས་དཀར་གྱོན་པའི་ལྷ་མོ་བདེ་ལེགས་སམ།།

ལས་རིགས་མི་གཅིག་སྡོད་གནས་མི་གཅིག་ཀྱང་།།

སེམས་དང་བསམ་པའི་རྒྱུ་ཕྱོགས་གཅིག་པའི་ཁྱོད།།

འཕྲིན་ཕྲན་བརྒྱུད་དེ་ཤེས་ནས་ད་བར་དུ།།

ཕལ་ཆེར་ལོ་འཁོར་བདུན་དང་ཟླ་ངོ་དྲུག།

དུས་ཀྱི་སྨག་རིམ་མཐུག་པའི་ལོ་ཟླ་འདིར།།

ཁ་འཁྲིག་མེ་ལྕེ་མཆེད་པའི་དགུན་གཞུང་འདིར།།

མི་འདོད་ཝུའུ་ཧན་ཕྱོགས་ཀྱི་ནད་ངན་དེས།།

རྟའུ་རྫོང་གཙོ་བྱས་བོད་ཡུལ་ཟང་ཟིང་བཟོས།།

འགའ་རེ་དྲག་འདུག་ཟེར་བའི་དགའ་ཚོར་དང་།།

མང་པོ་ན་བྱུང་ཟེར་བའི་སྡུག་བསྔལ་གྱིས།།

ཁྱོད་དང་ཁྱོད་ཀྱི་འཇིག་རྟེན་མང་བསྒུལ་ཀྱང་།།

མིག་ཆུ་སེམས་སུ་མ་བཞུར་རྒྱང་རིང་གྲོགས།།

གཡུ་ཐོག་གསར་རྙིང་མཛད་པ་བློ་རུ་སྒོམས།།

ཡུན་རིང་ཉར་བའི་ཕུགས་བསམ་མངོན་འགྱུར་ཆེད།།

ཉིན་མཚན་དུས་དྲུག་མི་ཁོམ་བྲེལ་བའི་གཏམ།།

གང་གི་བདག་རྐྱེན་ལས་བྱུང་བདག་གིས་ཐོས།།

རླབས་ཆེན་འགྲོ་བའི་དོན་བཟང་ཡིད་བཞིན་ནོར།།

སྲོག་གི་འདང་བརྩེ་འཇོག་པའི་གོས་དཀར་ཅན།།

སྐྱོ་སྐྱོ་མ་གནང་མགོ་བོ་ཡར་ཁྱོགས་དང་།།

ས་ཡ་དྲུག་པོ་ཁྱོད་ཚོའི་རྒྱབ་རི་ཡིན།།

ལས་རིགས་མི་གཅིག་སྐད་རིགས་མི་གཅིག་སར།།

རོགས་སྐྱོར་གཅིག་རྗེས་གཉིས་མཐུད་གནང་བའི་དུས།།

སྡུག་གི་མུན་པ་རེབ་ཅིག་སངས་བར་གྱིས།།

གཏམ་འཁྱར་བདེན་དུ་མ་འཛིན་ལས་ལ་བརྩོན།།

ཀ་བ་གདུང་ལྕམ་བྲལ་བའི་ཁང་བརྩེགས་ནང་།།

ཁ་ཐུབ་བརྒྱབ་ཏེ་ཉམ་ཐག་ནད་པའི་ཆེད།།

ག་ས་གང་དུ་འདུར་རྒྱུགས་བྱེད་དགོས་ཀྱང་།།

ང་ཚོའི་སྐྱབས་གཅིག་མཆོག་གསུམ་སེམས་ལ་ཟུངས།།

ཅ་ཅོ་འདུ་འཛིའི་ཕྱོགས་ལ་མི་གཡེང་བར།།

ཆ་ལུགས་ཀུན་མཐུན་གཙང་སྦྲར་དོ་སྣང་དང་།།

ཇ་ཡུན་མ་རིང་ཁ་ཟས་དུས་ལྟར་རོལ།།

ཉ་གང་ཟླ་བའི་ལས་གང་རྒྱུན་འཁྱོངས་གལ།།

ཏཱ་རེ་སྐྱབས་འགྲོ་རྒྱུན་པར་འདོན་པའི་དུས།།

ཐ་མལ་འགྲོ་ལ་དམིགས་པའི་སེམས་བསྐྱེད་དང་།།

ད་ལྟའི་དུས་འདིར་འགྲོ་ལ་ཕན་པའི་དོན།།

ན་ཆུང་ཁྱོད་ཚོར་ཡོད་པའི་དུས་ལ་བབས།།

པ་སངས་ལྟ་བུའི་དད་པ་ལྡན་གྱུར་ན།།

ཕ་རོལ་ནད་འདི་མི་ནའི་གཏམ་བཤད་མོད།།

བ་གླང་རོག་པོའི་རྣམ་ཐར་དེའི་རིགས་དོར།།

མ་གཞི་རང་ཉིད་ལའང་བསམ་བློ་ཐོངས།།

ཙ་ཙིག་དཀའ་ངལ་མཐོང་ཡང་འགྲོ་བའི་དོན།།

ཚ་ལྟོགས་ཏོག་ཙམ་མྱོང་བ་འཕྲལ་གྱི་ལས།།

ཛ་དྲག་ནད་ངན་གློ་ཚད་འཇའ་ཡལ་མ།།

ཝ་ལྟར་གཡོ་སྒྱུ་ཆེ་བས་ཅིས་ཀྱང་གཟོབས།།

ཞྭ་ལྟར་བཀུར་བའི་བླ་མའི་གདམས་ངག་དང་།།

ཟ་ཟ་དྲིན་མོ་ཆེ་ཡི་ཞལ་ཆེམས་སོགས།།

འ་རོགས་མ་བརྗེད་མ་བརྗེད་སེམས་སུ་ཟུངས།།

ཡ་མཚར་འགྲོ་དོན་ལེགས་པོར་རྒྱུན་འཁྱོངས་མཛོད།།

ར་བ་གངས་ཀྱི་ལྗོངས་ལས་རྟའུ་རྫོང་དུ།།

ལ་ལུང་གང་ནས་ཐོན་ཡོང་མ་ཤེས་པར།།

ཤ་གསེང་རུས་གསེང་ཐིམ་པའི་གློ་ནད་དེ།།

ས་དེར་མྱུར་དུ་བྲལ་བའི་ཁ་གཡང་འབོད།།

ཧ་ཅང་གོ་རིམ་མེད་པའི་འཕྲིན་པ་འདི།།

ཨ་གསར་རིང་བྲལ་འགྲོ་བའི་དོན་གཉེར་མཁན།།

ཧ་ཅང་ལྷག་བསམ་ཆེ་བའི་ལྷ་རྗེ་སྟེ།།

ཨ་མའི་གཅེས་ཕྲུག་རྟའུའི་ལྷ་མོར་སྤྲིངས།།

       


  • ལེ་ཚན་སྔོན་མ།:དྲན་པ་ཉེར་བཞག་ཚང་གི་ལེགས་རྩོམ་གཅེས་བཏུས།
  • ལེ་ཚན་རྗེས་མ།:རྟའུ། སེམས་པ་ཁྱོད་ཀྱི་ཕྱོགས་སུ་ཡོད།