ངུ་བ།

སྨིན་དབུས་པོ།        2017-03-30

ངུ་བ།
ངུ་བ་ནི་སེམས་ཚོར་ཕྱི་ལ་མངོན་པའི་བརྡ་རྟགས་ཤིག
བརྡ་རྟགས་དེ་མངོན་བྱུང་།
མིག་ཆུ་དེ་བྲུག་བྱུང་།

ངུ་བ་ནི་འགྲེལ་བཤད་དཀའ་བའི་སྙན་ངག་ཅིག་དང་།
ངུ་བ་ནི་སྡོམ་ཚིག་མེད་པའི་ལོ་རྒྱུས་ཤིག
ངུ་བ་ནི་ད་དུང་རོལ་དབྱངས་མེད་པའི་གླུ་སྐད་དང་།
བརྗེད་ཐབས་མེད་པའི་ཚོར་སྣང་ཞིག་ཀྱང་ཡིན།

ངུ་སྤྲོ་བའི་དུས་ཚིགས་ལ་སླེབས་དུས།
ཁོང་ནས་ངུ་བ་ཡིན།

ངུ་བ་ལ་རིགས་ཧ་ཅང་མོད་ཀྱང་།
ལྐོག་ངུ་ནི་མིག་ཆུ་ཆེས་མོད་པའི་རིགས་སོ། 

འཇིག་རྟེན་ནི་རྩ་ཁྲིམས་སྣ་ཚོགས་ཀྱི་ར་བ་ཡིན་ཡང་།
ངུ་བ་ནི་རང་དབང་གི་བྱ་ངོས་ཤིག་ཡིན་པས།
ངུ་བ་ལ་སུས་ཀྱང་ཐེ་གཏོགས་མེད།
ལྷག་པར་སྙན་ངག་ངུ་བ་ལ་བདག་པོ་ཡེ་ནས་མེད་པས 

 དེ་རིང་གནམ་དང་ས་ངུས་སོང་།
དེ་རིང་ཁོར་ཡུག་མིག་ཆུས་རླན་སོང་།

དེ་རིང་སྙན་ངག་དྲག་ཏུ་ངུས་བྱུང་། 
དེ་རིང་སྙན་ངག་གི་མིག་ཆུ་ཡང་དམར་པོར་བབས་སོང་།

ངུ་བ།
མིག་ཆུ།

སྙན་ངག
ཐམས་ཅད་སེམས་ཚོར་ཙམ།


  • ལེ་ཚན་སྔོན་མ།:ཕ་ཡུལ་ན་དཔྱིད་ཀ་སླེབས་འདུག
  • ལེ་ཚན་རྗེས་མ།:ཕ་ཡུལ་ན་དཔྱིད་ཀ་སླེབས་འདུག