ང་ཚོ་ཚང་མས་མཉམ་དུ་འབད་བརྩོན་བྱ།

གངས་ཆབ་སྔོན་མོ།        2020-02-24

ཝུའུ་ཧན་ལ་ཏོག་དབྱིབས་ནད་དུག་བྱུང་བ་ནས།

ཝུའུ་ཧན་གྱི་ནམ་མཁའ་དམར་པོ་དམར་རྐྱང་དུ་ཆགས།

ཝུའུ་ཧན་གྱི་ས་གཞིའང་དམར་པོ་དམར་རྐྱང་དུ་ཆགས།

ང་ཡི་སྙིང་ཉེ་བའི་ཝུའུ་ཧན་གྱི་སྤུན་ཟླ་ཚོ།

ནད་དུག་ལ་སྙིང་རྗེ་དང་ཁ་ངོ་མེད་པ་བདེན་མོད།

ང་ཚོའི་སེམས་པ་འདི་ཤ་དང་ཁྲག་གིས་གྲུབ་ཡོད་པས་ན།

ཁྱེད་ཅག་གི་བློ་ཕམ་དོན་ག་ལ་ཡོད། གཏན་ནས་ཕམ་མི་རུང་།

ང་ཚོ་ནི་ནམ་ཡང་ཁྱིམ་ཚང་གཅིག་གི་སྤུན་ཟླ་ཡིན་པས།

ང་ཚོས་མཉམ་དུ་ཏང་གི་དར་ཆ་མཐོན་པོར་བསྒྲེངས་ཏེ།

ནད་དུག་གི་གཡུལ་འཐབ་ལ་ཞུགས་ནས་རྒྱལ་ཁ་ལེན་དགོས།

ང་ཚོས་སང་ཉིན་གྱི་ཆེད་དུ་འབད་པ་ཆེར་བསྐྱེད་བྱ་དགོས།

མི་རེ་རེར་རིམས་ནད་སྔོན་འགོག་གི་འོས་འགན་ཡོད་པས།

ང་ཚོས་རང་ཉིད་ནས་མགོ་བརྩམས་ཏེ་བློ་གཅིག་སེམས་གཅིག་ངང་།

རིམས་ནད་སྔོན་འགོག་གི་ལས་དོན་མཐའ་འཁྱོལ་བྱས་ཏེ།

ཀྲུང་གོའི་མ་འོངས་པ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས།

རྒྱལ་ཡོངས་མི་དམངས་ཀྱི་སྡུག་བསྔལ་སྔ་མོ་ནས་སེལ་ཐབས་བྱ་དགོས།

གང་དུ་དཀའ་བ་དང་སྡུག་བསྔལ་གྱི་ཆོ་ངེ་ཡོད་ན།

དེ་རུ་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་ཏང་གི་བྱམས་བརྩེ་ཡོད་ལ།

དེ་རུ་དམངས་སེམས་ཀྱི་དྲོད་ཁོལ་དང་བརྩེ་སེམས་ཀྱི་དཔུང་རྡང་ཡོད།

སྙིང་ཉེ་བའི་སྤུན་ཟླ་ཚོ།    ང་ཚོའི་བློ་ཅི་ལ་ཕམ།

ང་ཚོ་ཅིས་ཀྱང་ནད་དུག་ལས་རྣམ་པར་རྒྱལ་དགོས།

ང་ཚོའི་སང་ཉིན་ནི་མཛེས་སྡུག་ལྡན་པ་ཞིག་ཡིན།

ང་ཚོའི་སང་ཉིན་ནི་དྲོད་ཁོལ་ཡོད་པ་ཞིག་ཡིན།

ང་ཚོའི་སང་ཉིན་ནི་གཟི་བརྗིད་ཆེ་བ་ཞིག་ཡིན།

ང་ཚོས་ངེས་པར་ཏུ་བདེ་ཐང་གི་ཆེད་དུ་ཡོད་ཚད་འབུལ་དགོས།

      


  • ལེ་ཚན་སྔོན་མ།:​ཁམས་རྟའུ་ལ་བསྐུར་བའི་སྙིང་གཏམ།
  • ལེ་ཚན་རྗེས་མ།:རྟའུ་པ།