ང་ཡི་ལག་ཤུབས།

ༀ་རང་སྐྱེས།        2020-01-19


ད་ལོའི་དགུན་འདི་གློ་བུར་དུ་སླེབས་བྱུང་།

རེ་སྒུག་གི་ཁྲོད་ནས་མདང་སང་ཁ་བ་འབྲིང་ཙམ་བབས་འདུག

ཁ་བའི་བབས་ཚད་མི་མཐུག་ནའང་།

ཁ་བའི་ཁྲོད་ན་འཁྱག་ཤུར་ཤུར་གྱི་གྲང་རླུང་གིས་

ཤ་གསེང་རུས་གསེང་བརྒྱུད་དེ་བཅོམ་ནས་འོང་།

ནོར་འཛིན་བུ་མོས་དངུལ་མདོག་གི་ལྭ་བ་བཀླུབས་ནས་

མཛེས་ཉམས་ངོམ་ཡང་།

ཡན་ལག་བརྒྱད་ལྡན་གྱི་གཙང་བོའི་རླབས་རྒྱུན་འཁྱག་

གིས་བཅད་པས་

དྭངས་གཙང་གི་ཆུ་མིག་དག་གིས་ཀྱང་དངངས་སྐད་ཤོར་དུས།

ང་ཡི་ལུས་ལ་སྔར་ལས་ལྷག་པའི་དྲོད་ཅིག་རྒྱས་ནས་འདུག

དེ་རིང་ང་གྲང་ངར་ལ་མི་འཇིགས་པའི་དཔའ་རྒོད་ཅིག་

ཏུ་གྱུར་འདུག

བརྗོད་མི་ཤེས་པའི་ཚོར་བ་འདིས་རྒྱང་རིང་རྒྱང་རིང་ཞིག་ལ་

མནོ་བསམ་གཏང་དགོས་བྱུང།

རེད་དེ། ང་ལ་གསེར་ལས་རིན་ཐང་ཆེ་བའི་ལག་ཤུབས་

ཤིག་ཡོད་པས་རེད།


བལྟས་ན་མིག་ལ་མཛེས་ཤིང་གྱོན་ན་ལག་པ་དྲོ་བའི་ང་ཡི་

ལག་ཤུབས།

ད་ལོའི་དགུན་ཁར་ཁ་བའི་འདབ་མ་འཐོར་ནས་

རི་བོའི་གཏོས་དང་མཉམ་པ་ཞིག་བརྩིགས་ཀྱང་

ངའི་ལག་པ་ཕྱིད་པའི་དོགས་འཚེར་མི་དགོས།

ད་ལོའི་དགུན་ཁར་མཐོ་སྒང་འཁྱག་གིས་གཟིར་ཡང་

ང་ཡི་ལག་པར་འཁྱག་འདར་བྱེད་དགོས་མི་འདུག

ང་ལ་སྙིང་ཉེ་བའི་མི་ཞིག་གིས་

སྐྱེས་སུ་ཕུལ་བའི་ཀོ་བའི་ལག་ཤུབས་དྲོན་པོ་ཞིག་ཡོད་

པས་རེད།

ལག་ཤུབས་འདི་ངའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་

ནས་ཉིན་གཅིག་ལའང་ཁ་བྲལ་མ་མྱོང་།

ང་ཡི་ལག་ཤུབས།

ཁྱོད་ནི་ང་ལ་ཆེས་བློ་དཀར་བའི་སྙིང་གྲོགས་དམ་པ་ཞིག་

དང་ཀུན་ནས་མཚུངས།


ང་ཡི་ལག་ཤུབས།

ཁྱོད་ནི་དགུན་གསུམ་གྱི་ཁ་བ་བུ་ཡུག་གི་ཁྲོད་ན་དྲོད་

ཀྱིས་འབར་བའི་མེ་ཕུང་ཞིག

ངའི་ཁོར་ཡུག་ལ་དྲོད་ཁོལ་སྟེར་བས། ང་ལ་གཞན་

ལས་འཕགས་པའི་བདེ་སྐྱིད་ཅིག་གིས་ཁེངས་ནས་ཡོད།

ཁྱོད་ནི་གྲང་ངར་གྱི་ནད་ཡམས་སེལ་བའི་དཀར་པོ་ཆིག་

ཐུབ་ཀྱི་སྨན་མཆོག་ཅིག

ངའི་བཟོད་མི་ཐུབ་པའི་འཁྱག་ནད་ཀྱི་སྡུག་བསྔལ་མཐའ་

དག་རྒྱང་དུ་བསྐྲད་པས།

དགུན་ཟླ་རིང་མོ་འདིར་ང་ལ་ཡིག་རིས་ཀྱིས་མཚོན་ཐབས་

བྲལ་བའི་དགའ་སྤྲོ་ཞིག་གིས་བརྟས་ནས་ཡོད།

ང་ཡི་ལག་ཤུབས།

ཁྱོད་མེད་ན་ངས་གྲང་ངར་བཟོད་མི་ཐུབ་ལ།

ང་མེད་ན་ཁྱོད་རང་སྤྱིར་བཏང་གི་ལག་ཤུབས་ཤིག་ལས།

རིན་ཐང་གཞལ་མེད་ཀྱི་དངོས་རྫས་རྩ་ཆེན་ཞིག་ཏུ་སུས་

ཀྱང་མི་བསྒོམས་སོ།།


ང་ཡི་ལག་ཤུབས།

ངའི་ལུས་ལ་འབྱར་བའི་ལག་ཤུབས།

ང་དང་དགུན་ཁའི་གཏམ་རྒྱུད་ལ་འཐིམ་པའི་ལག་ཤུབས།

ཞོགས་པའི་ལུས་སྦྱོང་དང་ལྷན་དུ་ཁྱོད་ཡོད།

ཉིན་མོའི་དཔེ་ཁྲིད་དང་མཉམ་དུ་ཁྱོད་ཡོད།

མཚན་མོའི་རྨི་ལམ་གྱི་ཞིང་དུ་ཁྱོད་ཡོད།

ཉིན་མཚན་དུས་དྲུག་ཏུ་ང་དང་བར་ཐག་ཆེས་ཉེ་བའི་

ལག་ཤུབས།

ང་ནི་ཁྱོད་ལ་དགའ་ཞིང་ཁྱོད་ལ་དུང་།

ངས་ཁྱོད་ལ་སྙན་ངག་འབྲི་བཞིན་ད་ལོའི་དགུན་དེ་འདི་

ལྟར་སྐྱེལ་ལོ།།


  • ལེ་ཚན་སྔོན་མ།:གྲོང་ཁྱེར།
  • ལེ་ཚན་རྗེས་མ།:རྨི་ལམ་འཁྲུག་པ།