ས་འཛིན་དཀར་པོ། 2017-03-09
འཇིག་རྟེན་མ་ལུས་བསྐྲུན་པའི་སྐྱེས་མ་རྣམས།།
བྱམས་བརྩེ་ཀུན་གྱི་མངའ་བདག་མ་ཡུམ་ཚོ།།
ཁྱིམ་གྱི་ནོར་གཡང་འཁོར་བའི་ཨ་མ་རྣམས།།
དེ་རིང་སྐྱེས་མའི་དུས་ཆེན་འཚམས་འདྲིས་བསུ།།
མཁུར་སྒང་བྱུ་རུའི་མདོག་ཅན་འབྲོག་མོ་ཚོ།།
འབྲུ་སྣ་གཡོས་ལ་མཁས་པའི་ཞིང་མོ་རྣམས།།
གསུང་དབྱངས་གྲེ་འགྱུར་ལྡན་པའི་གླུ་མ་ཚོ།།
དེ་རིང་སྨན་ཆུང་དུས་སྟོན་འཚམས་འདྲི་ཞུ།།
ཞལ་རས་དཀར་ལ་དམར་བའི་སྨན་ཆུང་ཚོ།།
རེག་བྱ་བལ་ལས་འཇམ་པའི་རྐེད་མེད་ཚོ།།
སྒེག་ཉམས་ཤེས་བློ་ཚང་བའི་མཛངས་མ་ཚོ།།
དེ་རིང་རྒྱལ་ཡོངས་བུད་མེད་དུས་ཆེན་བསུ།།
ཤེས་རིག་སྐྱེད་ཚལ་འགྲིམ་པའི་གཡུ་སྦྲང་ཚོ།།
ལང་ཚོའི་མེ་ཏོག་བཞད་པའི་སྨན་ཆུང་རྣམས།།
ཞལ་རས་འཛུམ་དཀར་འཆང་བའི་ནོར་ལྡན་མ།།
དེ་རིང་གསུམ་བརྒྱད་བུད་མེད་དུས་ཆེན་བསུ།།
ཞི་དུལ་བག་ལ་མཁས་པའི་རུས་བཟང་ཚོ།།
དུང་བ་མཚོ་ལས་ཟབ་པའི་སྐྱེས་མ་རྣམས།།
མ་འོངས་མཐོ་སྒང་བོད་ཀྱི་རྒྱུད་འཛིན་ཚོ།།
དེ་རིང་སྨན་ཆུང་བུད་མེད་དུས་བཟང་བསུ།།
འཇོ་སྒེག་ལང་ཚོ་བཞད་པའི་ན་གཞོན་ཚོ།།
ཤེས་རིག་བློ་སྒོ་འབྱེད་པའི་སྐྱེས་མ་རྣམས།།
མ་ཡུམ་རུས་བཟང་གཉེར་བའི་བུད་མེད་ཀུན།།
དེ་རིང་གསུམ་བརྒྱད་བུད་མེད་དུས་ཆེན་བསུ།།
རྩོམ་གསར། 10